R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༩
[A:༤༧༩]དཔལ་ལྡན་གྲགས་པ་སོགས་དང་གཉུག་མར་གནས་པ་གཙོས་ལྔ་བརྒྱ་སྐོར་ལ་གསུང་ངག་ཚོགས་བཤད་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་མཛེས་རྒྱན་སོར་བཞག་སྟེང་ནས་བླ་མ་བརྒྱུད་པའི་རྣམ་ཐར་ལྗགས་ཐོག་ནས་བཀའ་དྲིན་བསྐྱངས་པ་སོགས་ངོར་ལུགས་ཐུན་མོང་མ་ཡིན་པ་སོར་བཞག་སྣང་གསུམ་རྫོགས་མཚམས་སུ། ཡར་ཀླུངས་བཀྲ་ཤིས་ཆོས་སྡེའི་དབོན་རིན་པོ་ཆེ་ངག་དབང་བློ་གསལ་མཆོག་ལྡན་དགྱེས་མཛད་རྡོ་རྗེའི་ཐུགས་ཀར་སྐུའི་བཀོད་པ་བསྡུས་པར་རྒྱལ་དབང་མཆོག་གི་བཀའ་ཤོག་ལམ་ཡིག་སོགས་སྩལ་ཕེབ་ལྟར་གསུང་ངག་སྣང་གསུམ་རྫོགས་ནས་ཡར་ཀླུངས་སུ་ཆིབས་ཁ་བསྐྱོད་པ་གནང༌། སྙན་བརྒྱུད་བསྟན་པའི་འབྱུང་གནས་བཀྲ་ཤིས་པའི་ཆོས་ཀྱི་སྡེ་ཆེན་པོར་དབོན་རིན་པོ་ཆེའི་སྐུ་གདུང་དྲུང་དུ་ཐུགས་དམ་གསལ་འདེབས། དབང་བསྐུར། མེ་མཆོད་སོགས་རྗེ་བླ་མའི་མཆོད་གཡོག་གི་ཞབས་ཕྱི་བདག་རང་གིས་ཞུས། ཕར་ཕྱིན་གྱི་ཕེབ་ལམ་ཚོར་ཡང་ས་ལུགས་ཀྱི་དགོན་པ་ཐམས་ཅད་ནས་སྤྱན་འདྲེན་ཞུས། བཀའ་ཆོས་ཀྱང་ཉིན་མཚན་མེད་པར་སྩལ་བའི་ཕྱག་གཡོག་གང་འགྲུབ་བྱས། དེ་ནས་གདན་ས་ཆེན་པོར་ཕེབ། སྔར་གྱི་གསུང་ངག་གི་འཕྲོས་སྨིན་རྒྱས་སུ་བཀའ་དྲིན་བསྐྱངས། ལོ་དེ་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་རྒྱས་པ་དང༌། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྡུལ་ཚོན་ལ་བརྟེན་པའི་དབང༌། བདེ་མཆོག་ནག་པོ་པའི་རྡུལ་ཚོན་ལ་བརྟེན་པའི་དབང་སོགས་དཔག་ཏུ་མེད་པ་སྩལ། ལྕགས་རྟ་ཟླ་བ་དང་པོར་གཙང་དུ་ཆིབས་ཁ་བསྐྱོད་ནས་རིམ་གྱིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་སྔགས་འཆང་ཐམས་ཅད་མཁྱེན་