[A:༤༨༧]དགེ་སྦྱོར་འཕེལ་ལ་སོ་བསོད་པ་སྐྱིད་པར་བྱུང༌། དེ་གྲོལ་བསྟུན་གྲ་པ་རྣམས་ཀྱིས་ནན་གྱིས་དགོས་གསུངས་པར་བརྟེན། ཀྱེ་རྡོར་གྱི་དབང་རྡུལ་ཚོན་ལ་བརྟེན་པ་རྒྱས་པར་བྱས། དེའི་ཕྱི་ལོ་ཡེར་པ་ནས་དགེ་སློང་ངག་དབང་བཟང་པོ་ཕེབ་པར། འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་དབང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་བརླབས། དམིགས་ཁྲིད་རྒྱས་པ་སོགས་བཞེད་པ་དང་མཐུན་པར་བྱས། འདི་རྣམས་ཆོས་འཆད་ཀྱི་ཁུལ་མི་རེས་པུས་མོ་ལ་བབས་པ་དེ་བྱེད་པའི་ཐོག་མ་ཡིན། དེ་ལོ་རྨོར་རང་གི་གྲ་པ་རྣམས་ལ་མཁའ་འགྲོ་རྒྱ་མཚོའི་དབང་རྡུལ་ཚོན་ལ་བརྟེན་པ་རྒྱས་པ་ཞིག་བྱས། འདི་སྐབས་དབང་རྫས་སོགས་གྲ་འགྲིགས་པ་རང་མ་བྱུང་བར་རྡོ་རྗེ་བྲག་ནས་གཡར་པོ་ཞུས། དབང་ཚིག་རྣམས་རྗེ་བླ་མའི་སྐུ་ཞབས་ནས་འཁོར་འཕྲལ་གྱི་མགར་ལག་མ་ལྟ་བུར་སོང་གཤིས་བདེ་ཐོགས་མེད་པའི་བྱང་བར་བྱུང༌། དེའི་དུས་རྡོ་རྗེ་བྲག་ནས་རིག་འཛིན་ཆེན་པོས་ཐུགས་དམ་ཕེབ་པའི་ཆོས་བཀའི་རིགས་དཀོན་པ་རྣམས་དགོས་ཕེབ་འདུག་པར་དེ་རིགས་འོང་བའི་གནད་དང་བྲལ་བ་ཞིག་ཡིན་ཀྱང་བཀའ་ནན་མ་ཆོགས་པར་སྐུ་ཞབས་སུ་བཅར་བར་ཆོས་བཀའི་རིགས་མང་བར་དགོས་པའི་བཀའ་སྩལ་ལྟར་ཐོག་མར་ཆགས་ལུགས་ཚེ་དཔག་མེད་དཀར་པོ། ཚེ་སྦྱིན་ཡིད་བཞིན་འཁོར་ལོ། དབྱངས་ཅན་མ་དཀར་མོ་གསུམ་སྟེ་དཀར་ལྷ་གསུམ་གྱི་སྒོ་ཕྱེས་ནས། རྗེས་གནང་ཟུར་བཀའི་རིགས་མང་བར་ཕུལ་ཏེ་རང་གནས་སུ་འབྱོར་ཐོག་གྲ་ཐང་ནས་མཁན་རིན་པོ་ཆེ་རྗེ་དབོན་ངག་དབང་བསྟན་འཛིན་ཕུན་ཚོགས་ཀྱིས་ཕྱག་ཐམ་དང་བཅས་འོང་དགོས་ཚུལ་གནང་བར་བཞེད་པ་ལྟར་ཕྱིན། ཟླ་གཅིག་ཙམ་གྱི་བར་དམར་པོ་སྐོར་གསུམ་གྱི་རྗེས་གནང་དགུ། བེའུ་བུམ་