[A:༤༨༨]གྱི་ལུང༌། རྣམ་སྲས་ཀྱི་རྗེས་གནང་ལྔ་ཕྲག་གསུམ། དྲག་པོའི་རྗེས་གནང་བཅས་པ་ཡོངས་རྫོགས་བེའུ་བུམ་པུསྟི་གཉིས་ཀྱི་ལུང་སོགས་ཆོས་བཀའ་མང་བ་སྦ་བ་སྲི་མེད་པར་ཕུལ་ཞིང༌། ཚུར་ཡང་ཆོས་ཉིད་དངོས་སྟོན་གྱི་བྱིན་རླབས། རྩ་དབུ་མའི་ཉམས་ཁྲིད་སོགས་ཞུས། རང་ངོས་ནས་ཚར་ཆེན་ཡབ་སྲས་ཀྱི་གསུང་རབ་ལ་ཐོས་བསམ་བྱས་པའི་སྟབས་ཀྱིས་དམ་ཚིག་གི་སྤང་བླང་ངོ་ཤེས་ཙམ་ཡོད་པས་ཤིན་ཏུ་མོས་པར་ཞུས། ཀུན་བཀྲས་པ་མི་སྲུན་པའི་སྟབས་ཀྱིས་སྙན་ཕྲ་ཕུལ་བར་བརྟེན། བཀའ་བཀྱོན་བབས་ལྕི་བར་གནང་འདུག་པར་ལབ་མི་མང་དུ་བྱུང་ཡང༌། སྤྱིར་ཡང་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་དང༌། དེའི་ནང་ནས་ཀྱང་ཆོས་བཀའ་ཐོབ་པའི་བླ་མར་མི་མོས་པ་རྣམ་སྨིན་ལྕི་བས་ལེགས་ཉེས་ཀྱི་བཀའ་གནང་ཐོས་པ་ཐམས་ཅད་སྒྲ་འཛིན་གྱི་ལྟག་ལམ་ཏུ་བཏང་བས་འདུན་མའི་ཡང་རྩེར་སོན། གྲ་ཐང་ནས་ཡར་ཞོར་རྗེ་རིག་འཛིན་ཆེན་པོའི་ཞབས་དྲུང་དུ་ནག་ཟླའི་ཚེས་བཅུ་བཞི་ལ་སྟ་གོན་དང༌། བཅོ་ལྔ་ལ་དངོས་གཞི། བཅུ་དྲུག་ལ་གོང་མ་གོང་ཆེན། བདག་པོ་ཆེན་པོའི་དབང་དང་བཅས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་བཞི་ཡོངས་སུ་རྫོགས་པར་ཕྱག་ལེན་མཐའ་དཔྱོད་གོང་དཀར་ལུགས་སྩལ། དབང་གསན་པར་བཀྲ་ཤིས་ཆོས་སྡེའི་དཔོན་རིན་པོ་ཆེའང་ཕེབ། དབོན་རིན་པོ་ཆེར་བདག་པོ་ཆེན་པོའི་དབང་གསན་ཁྱད་ཚེས་བཅོ་ལྔའི་ཐོ་རངས་རིག་འཛིན་ཆེན་པོས་མཁན་པོ། །བདག་གི་ལས་སློབ་ཞུས་ནས་བསྙེན་པར་རྫོགས་པར་གནང༌། དེ་དུས་དབོན་རིན་པོ་ཆེར་རྒྱལ་གདོན་ཞིག་གི་ལྟེམ་གཞི་བབས་ལྕི་བ་བྱུང་བ་མ་དྭངས་པའི་མུ་ནས་ཆོས་སྡེར་ཕེབ། སྐུ་ཤིན་ཏུ་ལྟེམ་པ་བྱུང་བར་འོང་དགོས་ཚུལ་བྱུང་