R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༦
[A:༤༨༦]འདི་འདྲ་མི་འོང་ཞེས། །འཕྱ་དམོད་འཐིང་སླད་བྱེད་པ་འགའ་མཐོང་མོད། །དེ་དག་རང་གི་དེ་ཉིད་ངོམ་བཞིན་དུ། །འཇིག་རྟེན་ཕ་རོལ་གཟིགས་མོར་གཤེགས་ཏེ་ཐལ། །དེའང་རང་གི་སྐྱོན་རྣམས་སྦེད་གང་ཐུབ་དང༌། ཡོན་ཏན་རྣམས་ངོམ་གང་ཐུབ་བྱེད་པ་བླུན་རྨོངས་ཀུན་གྱི་ཕྱག་ལེན་དུ་གདའ་ནའང༌། བདག་ལ་ནི་ཡོན་ཏན་ངོམ་པར་འདོད་ཀྱང་བསམ་མནོ་བཏང་ན་ངོམ་རྒྱུ་འང་མི་འདུག །འོན་ཀྱང་གྲྭ་ཚང་དུ་ལོ་བཅུ་གསུམ་སོང་ཀྱང་སྒྲིག་དང་གང་མཐུན་ལས་ཞོག་པ་གཅིག་གི་ཚོགས་ཀྱང་གཅོག་མ་མྱོང༌། གྲྭ་པ་བགྲེས་པ་ལྟ་ཅི། ཐ་ན་ཆབ་ཧྲིལ་བ་ཚུན་ལ་འཁྲུགས་པ་བྱེད་པ་ལྟ་ཅི་སྨོས། མིག་ལོག་ཙམ་ཡང་བྱེད་མ་མྱོང་བ་དེ་དུས་ཀྱི་རྒྱུས་ཡོད་ཐམས་ཅད་ཀྱི་ཐུགས་ལ་མངའ་བ་དེ་ཡིན། ཁྱད་པར་གསང་ཕུའི་གྲྭ་ཚང་གཞན་རྣམས་བྱམས་པ་ཡོད། རང་ངོས་ལ་དེ་འདྲ་བསམ་པ་ཡོད་ཀྱང་མི་ཚོ་ག་འདྲ་བསམ་ཡོད་ནི་ཅི་ཤེས། གང་ལྟར་དེ་ཡན་ཆད་ཐོས་བསམ་བྱས་ཚུལ་ཕྲན་བུ་གང་ཡོད་སྤྲུག་སྤྲུག་གསིག་གསིག་བྱས་ནས་བཀོད་པའི་སྐབས་སོ། །དེ་ནས་འཆད་ཉན་གྱི་མིང་བཏགས་རང་གི་དཔག་ཚོད་བྱས་ཚུལ་འགོད་རིན་ཆོག་པ་མི་འདུག་ཀྱང༌། རྗེ་བླ་མའི་གསུང་རྒྱུན་ཉམས་པ་མེད་པ་ལན་སྐྱེལ་བའི་རིམ་པ་རྣམས་བཀོད་ན། རང་ལོ་སོ་བརྒྱད་ལ་རང་གནས་རྨོར་གྱི་དབེན་གནས་སུ་གཅད་རྒྱ་ཤིན་ཏུ་དམ་པའི་སྒོ་ནས་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་གཞིའི་བསྙེན་པ་ཟླ་བ་བརྒྱད་ཀྱི་བར་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་བསྙེན་ཡིག་སོར་བཞག་གི་ཞར་ལ་ཡུམ་གྱི་གཞི་བསྙེན་དང་བཅས་རུང་བ་དང༌། མཇུག་ཏུ་ཁ་སྐོང་ཞི་བའི་སྦྱིན་སྲེག་དང༌། རྒྱས་དབང་དྲག་པོ་གསུམ་དང་བཅས་ཉིན་བདུན་བར་རྒྱས་པར་བྱས། མཚམས་གཡོག་བློ་གསལ་རང་གིས་བྱས་པས་ཁམས་བདེ་ཞིང་