[A:༤༨༩]བ་ལྟར་ཕྱིན། རང་ལ་ལྟ་བའི་གདེངས་མེད་ཀྱང་བླ་མའི་བྱིན་རླབས་ཀྱིས་སྐུ་བསངས་དྭངས་ལ་སོང་ནས་དབང་དང་རྗེས་གནང་ལུང་སོགས་བཀའ་གནང་ལྟར་ཕུལ། མཁའ་འགྲོ་རྒྱ་མཚོའི་ཆོ་ག་གྲྭ་པ་རྣམས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཆ་གཅིག་བསྐུར། ཞག་བཅོ་ལྔ་སྐོར་བསྡད། སླར་རང་གི་བསམ་གཏན་ཁང་བུར་མཚམས་དམ་པར་བྱས་པའི་ཚེ་སྦྱིན་ཡིད་བཞིན་འཁོར་ལོ། །རྗེ་བཙུན་རིག་བྱེད་མ། ཁྲོ་བོ་འདོད་པའི་རྒྱལ་པོ་བཅས་པའི་བསྙེན་པ་དང༌། མཇུག་ཏུ་ལྷ་མོ་ཤྲ་མ་ཎའི་སྒོ་ནས་རྨི་ལམ་བརྟག་པ་བདུན་ཕྲག་གཅིག་བགྱིས་པས་ངོ་མཚར་བའི་བརྡ་རྟགས་ཀྱང་འགའ་ཞིག་བྱུང་ཀྱང་བརྗེད་དེ་ཐལ། གཞན་ཤེས་ཤེས་དང་མཐོང་མཐོང་གི་རིགས་ནི་མ་བྱུང་བར་བྱུང་ཞེས་སྨྲས་ན་མི་ཆོས་བླ་མའི་རྫུན་དུ་འགྱུར་ཞིང༌། དེ་རིགས་ནི་ཅིའང་ཞུ་རྒྱུ་མེད། དེ་ནས་དགུན་སྟོད་ཐུབ་བསྟན་ནས་ཕ་རིག་འཛིན་ཆེན་པོས་བཀའ་གནང་ལྟར་གསུང་ངག་སློབ་བཤད་སྨིན་རྒྱས་རྒྱབ་རྟེན་ལུང་གི་རིགས་དེ་སྔ་ནས་ཚོགས་བཤད་རྒྱས་པར་གསན་ཅིང་ལྗགས་བསྙེན་དང་སྣོད་ལྡན་རྣམས་ལའང་ལན་གཅིག་བཀའ་དྲིན་བསྐྱངས་གྲུབ་གཤིས་སྔར་གསན་པ་རྣམས་བསྐྱར་ལྡབ་མ་ཞུས་ཤིང༌། མ་གསན་པ་རྣམས་ཚང་མར་ཕུལ། གསེར་དངུལ་གྱིས་གཙོས་པའི་གནང་སྐྱེས་དཔག་མེད་སྩལ། འདི་ལམ་འབྲས་བགྱིས་པའི་ཐོག་མ་ཡིན། མེ་ཁྱི་ཟླ་བ་བཅུ་གཉིས་པའི་ནང་དུ་ཀུན་མཁྱེན་རོང་སྟོན་ཆེན་པོས་ཞབས་པད་ཡུན་རིང་དུ་བཅགས་ཤིང༌། ཤེའུ་གྲགས་འཕྱོར་ཤེས་རབ་སོགས་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་དབེན་གནས་སྨོན་དགའ་རིན་ཆེན་བསམ་གཏན་གླིང་གི་འཁུར་ལེན་དགོས་ཚུལ་དང༌། གདན་ས་ཆེན་པོ་དཔལ་