R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༩༦
[A:༤༩༦]རྒྱལ་ལུགས་ཀྱི་ཚེ་དབང་དང༌། ཚོགས་སུ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་དང༌། གོང་མ་ཨ་མི་དྲུང་གིས་མཛད་པའི་ས་སྐྱའི་རྗེ་བཙུན་མ་དང༌། ཕན་བདེ་ཀུན་འབྱུང་གི་ལུང་སོགས་ཁ་ཤས་སྩལ་ནས་ཆིབས་ཁ་བསྐྱོད། ཤར་ཕྱོགས་པའི་དཔོན་ས་གཤེགས་པའི་ཀུན་རིག་སྟོང་ཚར་གྲྭ་ཚང་དཔོན་སློབ་གསང་ཕུར་ཕེབ་གཤིས་གྲལ་དབུར་ཕྱིན། བྱང་ཞུ་བསྔོ་སྨོན་སོགས་རྒྱས་པར་བྱས། དེ་ནས་གྲྭ་ཚང་གསང་ཕུར་ཕེབ། ངེད་ཀྱིས་རང་གནས་སུ་ལོག །ཟླ་བ་དགུ་པ་ནས་གསང་ཕུ་མཆོད་ཁང་དཔོན་སློབ་ཀུན་དགའ་དབང་རྒྱལ་ཡབ་སྲས། འཕགས་བདེ་ནས་དགེ་སློང་ཕན་བདེ་རྒྱལ་མཚན་དང༌། བཀའ་བཅུ་ཀུན་དགའ་དམ་ཆོས། གྲྭ་ཕྱི་ཚོགས་ནས་དགེ་སློང་དཔལ་འབྱོར་རྒྱ་མཚོ། ར་བ་སྨད་ནས་ཤིང་མང་དང་རྣམ་སེར་བླ་མར་ཕེབ་པ་སངས་རྒྱས་རྒྱལ་མཚན། རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ། རབ་འབྱམས་པ་ངག་དབང༌། ཤེལ་གྲོང༌། གསང་གླིང་པ་ཀུན་དགའ་རྣམ་རྒྱལ་གྲོགས་མཆེད་གསུམ་སོགས་ཕྱོགས་འདུས་དང་གཉུག་མར་གནས་པ་བཅས་བཞི་བཅུ་སྐོར་ལ་གསུང་ངག་སློབ་བཤད་ཤིན་ཏུ་རྒྱས་པ་རྒྱབ་རྟེན་ལུང་དང་བཅས་ཚང་བ་སློབ་བཤད་པའི་ཕྱག་ལེན་དངོས་གཙང་བ་ཕུལ། འདི་སྐབས་ཀྱང་སེམས་བསྐྱེད་ཀྱི་ཉིན་ཁ་བས་དུང་མདོག་ལྟ་བུར་གྱུར། རྒྱུ་དབང་གི་དུས་ཕ་མ་དྲིན་ཅན་གཉིས་དང༌། ལུམ་ཕྲེང་གི་མི་སྐྱ་ཕོ་མོའང་ཤིན་ཏུ་མང་བས་ཞག་བཅོ་ལྔ་སྐོར་ཐོགས། དབང་གསུམ་པའི་ཁྲིད་ཚུགས་པ་ཟླ་བ་བཅུ་གཅིག་པར་ར་བ་སྨད་ནས་རབ་འབྱམས་པ་ངག་དབང་བསྟན་འཕེལ་དང༌། བཀའ་བཀྲ་ཤིས་དཔལ་བཟང་གཉིས་ས་དབང་མཆོག་གི་བཀའ་ཤོག་བཅས་གྲྭ་ཚང་གི་འཆད་ཉན་ལ་འོང་དགོས་ཚུལ་མོལ་བར་བྱུང་བས། བདག་གིས་ཆོས་