[A:༤༩༥]གསུམ་བསྡད། ཆོ་འཕྲུལ་སྨོན་ལམ་དང་ཐུག་པས་མང་ཇ། །བཞེས་ཐུག །འབུལ་བ་སྣེ་བཞག་སོགས་དང༌། གྲྭ་པ་རེ་རེར་ཁ་བཏགས་ཀྱི་ཕྱག་འགྱེད། ཚོགས་གུར་བཟོ་བར་ཞལ་འདེགས་སོགས་ཕུལ། དེ་ནས་རྨོར་པ་རྣམས་ཀྱིས་ལུམ་པ་ལྕང་གསེབ་ཏུ་ཐབ་བསུ་བཅས་རང་གི་བསྟི་གནས་སུ་སླེབས། དེའི་དབྱར་སོས་དགེ་ལྡན་ནས་ཨ་མདོ་ཁམས་པ་སོགས་ཆོས་གསན་མི་ཕེབ་པ་ཚོར་མཁའ་སྤྱོད་མའི་ཁྲིད་སོགས་བཞེད་པ་ལྟར་ཕུལ། རྡོ་རྗེ་བྲག་ཏུ་རྗེ་རིག་འཛིན་ཆེན་པོར་མཁའ་འགྲོ་རྒྱ་མཚོའི་དབང་རས་བྲིས་ལ་བརྟེན་པ་དང༌། ལམ་དབང་སོགས་ཕུལ་ཞིང༌། ཚུར་ཡང་འཆི་མེད་དཔལ་སྟེར་གྱི་དབང་བརྒྱ་རྩ་སོགས་ཞུས། མེ་གླང་ཟླ་བ་བཅུ་པར་རྒྱལ་དབང་དྲུག་པ་ཆེན་པོ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་སྣ་དཀར་རྩེ་ནས་ཆིབས་བསྐྱོད་པའི་ཆིབས་བསུ་སེར་སྦྲེངས་ཞལ་དཀར་འབུལ་བ་སོགས་ཀྱི་བརྡ་འགྲིམས་བཀའ་དྲིན་བསྐྱངས་པའི་གྲྭ་སློབ་ཐམས་ཅད་ཀྱིས་སྙེ་ཐང་དུ་ཕྱིན་ནས་རིམ་བཞིན་ཞོལ་མངའ་ཞབས་དང་ལྷན་ཅིག་པར་ཕོ་བྲང་ཆེན་པོར་ཞལ་དཀར་ཕྱག་རྟེན་འབུལ་བ་སོགས་གྲུབ་འཕྲལ་རང་གནས་སུ་འབྱོར། ས་སྟག་ཟླ་བ་ལྔ་པར་གདན་ས་ཆེན་པོ་ནས་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས་དབུས་སུ་ཆིབས་ཁ་བསྐྱོད་པའི་བསམ་ཡས་བརྒྱུད་ལྷོ་ཁ་ཕྱོགས་སུ་ཕེབ་ཞོར་སྐྱིད་གཤོངས་ར་བ་སྨད་དུ་ཕེབ། གྲྭ་སློབ་ཐམས་ཅད་ཀྱིས་ཞལ་མཇལ་ཕྱག་དབང་སོགས་ཞུ་བར་ཕྱིན། གསང་ཕུ་དབྱར་ཆོས་དང་འཛོམས་པའི་སློབ་དཔོན་མཁན་ཆེན་ཀུན་དགའ་གྲགས་པ་ཞལ་མཇལ་ཙམ་མ་གཏོགས་མ་ཐུབ་བར་བརྟེན་ཆིབས་བསུ་ཆིབས་སྐྱེལ་ཐམས་ཅད་ལ་ཕྱིན། ཁྲོམ་ལ་གྲུབ་