[A:༤༩༧]འཇིག་རྟེན་གང་ས་ནས་གྲྭ་ཚང་གི་བླ་མ་འོང་བ་མེད་ཅིང༌། ཤེས་འདོད་ཀྱང་མེད་ངེས། ད་ཆ་གསང་སྔགས་ཀྱི་ཆོས་གང་ཐོབ་འདི་དག་གི་འཆད་ཉན་འདྲ་ཨེ་ཐུབ་བལྟ་བ་ལས་བསྟན་ནས་མི་འོང་བས་དགོངས་ཁྲོལ་ཞུ་བ་ལས་འོས་མེད་ཅེས་ཨུ་ཚུགས་ཀྱིས་སྨྲས་ཀྱང༌། ད་ལམ་འོས་ཐོར་ཡང་གཞན་མེད་པས་གྲྭ་དམངས་འདོད་གཅིག་མ་ཡིན་གཤིས་ད་ལམ་ཁས་མ་བླངས་པའི་ཐེབས་མེད་ཅེས་ནན་ཆེ་བར་བྱུང་ཀྱང༌། དེ་དུས་གཏན་ནས་མི་འོང་ཐག་ཆོད་བྱས། འོན་ཀྱང་ཆོས་སྐྱོང་འདི་ཕྲག་དོག་ཆེ་བ་ཞིག་ཡིན་པས་འདི་མ་ཁྲོལ་ན་མི་འགབ་བསམ། སང་ཉིན་དེ་ཁ་བློ་གསལ་ཞུ་ཡིག་དང་བཅས་དགོངས་པ་ཞུ་བར་བཏང་བས། ད་ལམ་ས་སྐྱ་དགེ་བཤེས་ཀྱིས་བསྟན་པ་སྤེལ་བའི་དུས་ལ་བབས་པས་འོང་དགོས་འདུག །འདྲེས་ཀྱང་རོགས་དན་བྱེད་ཅེས་བཀའ་ཤོག་དང་བཅས་མ་ཁྲོལ། གྲྭ་དམངས་ནས་ཀྱང་རྡོར་བྲག་བརྒྱུད་དགོངས་ཁྲོལ་ཞུས་དོགས་སྔོན་སྐོར་བརྒྱབས་ནས་སྙན་བགག་ཞུས་སྟབས། རང་གི་འཕྲལ་ཕུགས་ཀྱི་བསླབ་དོན་ཐམས་ཅད་རྗེ་བླ་མ་དམ་པ་དང་ས་ཁད་འགྱང་གཤིས་རྡོར་བྲག་རང་དུ་ཞུས་ཡོད་པ་ལྟར་མཇལ་ཕྱག་ལ་ཕྱིན་པར། ད་ལམ་དུས་མཆོད་གཅིག་པོ་འདིའི་རིང་ཅིས་ཀྱང་བྱེད་དགོས་ཕེབ། དེ་གང་ནས་ངེད་ཀྱི་ཆོས་འཚོལ་བའི་ཁྱད་འདུག་པས་དེ་རིང་བྱུང་ན་དགོངས་ཁྲོལ་ཞུ་རོགས་བྱེད་ཐེབ་ཡོད་ཀྱང༌། དེ་སྐབས་ག་བསྒྱུར་ནས་ཁོ་བོས་དགེ་འདུན་གྱི་བཀའ་གཅོག་མི་ནུས་ཕེབ་པར་བརྟེན་ཞུ་རེ་དང་བྲལ་ཞིང༌། ངེད་ཀྱི་ཕ་རྒན་དེའང་གཞན་ལས་ངར་བ་ཞིག་ཡོད་པ་སློབ་གཉེར་བྱས་པའི་དོན་ཡིན་པས་བྱེད་དགོས་གནང་བ་སོགས་རང་ལ་ཤེས་འདོད་མེད་ཀྱང་མཐའ་སྒོར་མོ་ནས་འགྲིགས་འགྲིགས་