R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༡
[A:༥༠༡]སྟོན་པའི་སྐུ་བརྙན་སོགས་སྤྱན་དྲངས། མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་དང་བཅས་བྱ་འདུལ་བ་འཛིན་པའི་ཁྲིའི་སྟེང་ནས་རིས་སུ་མ་ཆད་པའི་དགེ་ཚུལ་སློང་བརྒྱ་ཕྲག་གཉིས་བརྒལ་བར་ཀླུ་སྒྲུབ་ལུགས་ཀྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྡོམ་པ་རྒྱལ་སྲས་ཐོགས་མེད་པས་མཛད་པའི་ཡི་གེའི་སྟེང་ནས་རྒྱས་པར་བྱས། དགེ་སློང་ཕར་ཆེར་གྱིས་གོས་དར་གྱི་སྣམ་སྦྱར་དང་བཅས་ཕེབ་པས་དགའ་སྤྲོ་དཔག་ཏུ་མེད་པ་བྱུང་ཞིང་བདག་ཅག་གི་སྟོན་པ་སྐུ་དྲིན་ཅན་དེའི་སྐུ་དྲིན་རྗེས་སུ་དྲན་ནས་དད་པའི་མཆི་མ་གཡོ་བར་གྱུར། ཚེས་བརྒྱད་ནས་གྲྭ་ཚང་རྣམས་སོ་སོའི་གྱེས་ནས་རང་རང་གི་དགོན་གནས་སུ་ཕེབ། སྐྱིད་གཤོངས་སུ་དབྱར་ཆོས་གཉིས་པ་ཆོས་ར་ཤིན་ཏུ་འཕེལ་བར་བྱུང༌། སྟོན་ཆོས་ཟླ་བ་གཉིས་ཀྱི་བར་བརྩི་ཤག་གསུམ་རེ་དགོས་པ་སོགས་སྔར་སྲོལ་མ་ཉམས་པ་དང༌། ལྷག་པར་དེང་རང་ཆག་མེད་རྣམས་ཀྱི་སྟབས་ནས་ནམ་ཕྱེད་ཡོལ་མ་ཐོག་ནས་ཁ་ཏོན་བྱས་པ་ཐོ་རངས་ཀྱི་གོང་དུ་གྲུབ་ངེས་དང༌། དེ་ནས་གཎྜི་བརྡུང་འཕྲལ་བློ་ལྡན་གྱིས་ཇ་འོང་བར་བྱས་ནས་ཆོས་རར་ཕྱིན། འཛིན་གྲྭ་མང་དུས་ནམ་གསེང་དང༌། ཉུང་དུས་ནམ་མ་ལངས་གོང་དུ་ཚར་གྱིན་ཡོད། ཡོངས་འཛིན་དམ་པ་སྐུ་དྲིན་ཅན་གཉིས་ཀྱི་དྲིན་ལས་བསྡུས་དར་པུསྟི་གང་ལའང་བསམ་མནོ་དང་དཔེ་འཛིན་སོགས་དཀའ་བ་མ་བྱུང༌། དགུན་ཆོས་དང་གཉིས་ཐམས་ཅད་ལ་ཆོས་ར་འཕེལ་བར་བྱུང༌། ཆོ་འཕྲུལ་སྨོན་ལམ་གྱི་ཚེས་བཅོ་ལྔའི་ཉིན་ཆོ་འཕྲུལ་གྱི་གསུང་བཤད་སོགས་རྒྱས་པར་གནང་སྲོལ་འདུག་པ་ལྟར་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་གཟབས་བཤད་རྒྱན་དྲུག་མཆོག་གཉིས་ཀྱི་ལོ་རྒྱུས་ཀྱང་རྒྱས་པར་བྱས། དཔྱིད་ཆོས་ཀྱང་རྒྱས་པར་བཏང་ནས་དབྱར་ཆོས་ལ་བཏེག །དེ་ལོའང་ཀྱེ་རྡོར་རྒྱུ་དབང་