[A:༥༠༣]འབྱམས་སོགས་སེར་མོ་བ་ཉིས་བརྒྱར་ཉེ་བ་དང༌། བདག་གི་ཕ་རྒན་སོགས་སྐྱེས་ཕོ་མོའི་ཚོགས་མང་བ་བཅས་ལ་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རའི་བཞེད་སྲོལ་དཔལ་རྡོ་རྗེ་འཕྲེང་བ་ཀྲྀ་ཡ་ས་མུཉྩ་ཆུ་བོ་གཉིས་འདྲེས་ཀྱི་དཀྱིལ་འཁོར་བཅུ་ཕྲག་བཞི་དང་ཉག་མ་ལྔས་ལྷག་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དཀྱིལ་ཆོག་རྡོར་ཕྲེང་མཛེས་རྒྱན་གྱི་སྟེང་ནས་མཐའ་ཆོད་པར་ཕུལ། འདི་སྐབས་མཆོད་གཡོག་དེང་སང་གྲྭ་ཚང་གི་དཔོན་སློབ་བློ་གསལ་བསྟན་འཛིན་ཡིན་པས་ཁོང་ཐུགས་རབ་ཆེས་པས་འཁྲུལ་མེད་བྱུང་ཞིང་ཕྱག་ལེན་ངེས་པར་ཡོད། ངེད་རང་གི་མཁན་པོ་དཔོན་སློབ་སངས་རྒྱས་རྒྱལ་མཚན་གྱིས་སློབ་དཔོན་སོགས་མཛད་ནས་ཆོས་སྡེའི་དགེ་སློང་ཡེ་ཤེས་པ་སོགས་མང་བར་བསྙེན་རྫོགས་བསྒྲུབས། ཉིན་རེར་ཆོས་སྐྱོང་བའི་སྐུ་རྟེན་པའང་དབང་གསན་པར་ཡོད་པ་དབང་གྲལ་དུ་སྐུ་ཕེབ་ལ་ཁད་ཉིན་རེ་བཞིན་བྱུང༌། ཉིན་གཅིག་ཕེབ་ལྕོགས་ནས་སྤྱན་གཟིགས་འཕན་གདུགས་རྒྱལ་མཚན་སོགས་དཀྱིལ་འཁོར་གྱི་ཁོར་ཡུག་དུ་བཀྲམ་པ་གནང༌། ལེགས་སོ་མཉེས་པའི་རྣམ་འགྱུར་དཔག་མེད་མཛད། མ་ནས་ཆོས་སྐྱོང་འདི་གཞན་དང་མི་འདྲ་བ་ཡོད་གཤིས་གྲ་ཚང་གི་ཁུར་ལེན་ཐོག་མ་ནས་ཕྱི་ནང་གི་སྒྲིག་ཀུན་སྤྱོད་རྣམས་གཉེར་གཏད་ཞུས་པས་འབད་མེད་དུ་འགྲུབ་ཅིང༌། ནང་གི་ཟང་ཟིང་གི་བྱ་བྱེད་ཐམས་ཅད་བློ་གསལ་ལྡན་གཉིས་རང་གི་འཁུར་བསྐྱེད་པས་དར་སྐུད་རེའི་རྗེས་སུ་འབྲེང་བའི་གཡེང་བ་མི་དགོས་པར་རང་རེ་མདོ་སྔགས་ཀྱི་འཆད་ཉན་གཙོ་བོར་བྱས་ཆོག་གཤིས་བློ་བདེ་བའི་ཚད་ཅིག་བྱུང༌། དཔོན་སློབ་སངས་རྒྱས་རྒྱལ་མཚན་གྱི་མལ་གྲོ་འཆད་ཁ་ནས་ཆེད་གཏད་ཀྱིས་གཡར་བར་ཕེབ་པའི་དཔོན་སློབ་