[A:༥༠༤]རང་དང་བཀའ་འགྱུར་བ་ངག་དབང་རབ་བརྟན་བཅས་ལ་ངོར་ཆེན་གྱི་བཀའ་འབུམ་པོད་བཞི་མའི་ལུང་ཡང་ཆ་ཚང་ཕུལ། དེའང་རྗེ་བླ་མ་དམ་པར་སྔ་ཕྱི་རྡོར་ཕྲེང་གསན་པ་ཁྲི་ཕྲག་བརྒལ་བ་ཡོད་ཀྱང་རྗེ་དཔོན་རིན་པོ་ཆེ་མ་གཏོགས་གཞན་གནང་མི་སུའང་བྱུང་མ་སོང་བས་བཀའ་འབངས་ཀྱི་ཐ་ཤལ་བ་བདག་ལྟ་བུས་བགྱིད་ཐུབ་པ་དགའ་རབ་ཡིན་སྙམ་པའང་བྱུང༌། དེ་ནས་དབྱར་ཆོས་བཏེག་པར་ཀྱེ་རྡོ་རྗེའི་དབང་དང་རྣལ་འབྱོར་མའི་ཁྲིད་ཆག་མེད་ལོ་ལོ་བཞིན་དང༌། ལོ་འགའ་རེར་གཉིས་རེ་དགོས་པའང་བྱུང༌། དབྱར་ཆོས་གཉིས་པ་དང་སྟོན་ཆོས་གཉིས་སོགས་སྔར་འཁྱུད་ལྟར་སྨར་བར་བྱུང༌། དགུན་ཆོས་ཀྱི་དུས་ཡར་ཀླུངས་བཀྲ་ཤིས་ཆོས་སྡེ་ནས་འ་ཞྭའི་རྡོ་རྗེ་འཛིན་པ་ཆེན་པོར་རྣལ་འབྱོར་མའི་ཁྲིད་བྱེད་པར་འོང་དགོས་ཚུལ་ཕེབ་པ་ལྟར་སྙན་བརྒྱུད་ཀྱི་བསྟན་པ་ལ་བསམས་ནས་འོང་བའི་ཁས་ལེན་ཞུས། དགུན་ཆོས་གཉིས་པའི་མཇུག་ནས་ཡར་ཀླུངས་སུ་ཕྱིན། ཀུན་དགའ་བསྟན་པའི་རྒྱལ་མཚན་གཙོར་གྱུར་གྱི་སྟེང༌། ཆོས་འཁོར་གནས། གྲྭ་ཕྱི། ཚོང་འདུས། རྣམ་སེང་དཔོན་སློབ་དཔལ་འབྱོར་རྒྱལ་མཚན་སོགས་དང༌། གཉུག་མར་གནས་པ་བརྒྱད་ཅུ་སྐོར་ལ་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་ནས། འདི་ཉིད་ཀྱི་བྱིན་རླབས་སྔོན་དུ་འགྲོ་བའི་རྩ་དབུ་མའི་ཁྲིད། ཞལ་ཤེས་གསུམ་སོགས་བསྣན་པའི་ཉམས་ཁྲིད་ཤིན་ཏུ་སྨིན་པ། རྒྱབ་རྟེན་ལུང་བཅས་བེའུ་ཡོངས་རྫོགས་ཀྱི་ལུང༌། མཻ་ཏྲི་ཨིནྡྲ་གཉིས་ཀྱི་བྱིན་རླབས་མན་ངག་ལུང་བཅས་རྒྱས་པར་ཕུལ། ལོ་བསྟར་སྒྲུབ་མཆོད་ཆད་མེད་ཡོད་ཀྱང་དབང་མ་ཐོབ་པ་མང་གཤིས་ཚོགས་པ་ཡོངས་རྫོགས་ལ་གྲངས་བཅད་ཀྱི་སྒོ་ནས་