[A:༥༠༦]ཀྱང༌། དུང་གཤོག་གལ་ཆེའམ། དེ་གཉིས་གང་དགའ་དྲིས་པ་མི་སྣ་ཞལ་མཐུན་བྱས་པར། ཐམས་ཅད་མཐུན་གྲུབ་ཏུ་ད་ལམ་དུང་གཤོག་རང་བྱེད་དགོས་གསུང་བར་དངུལ་དཀར་འདེགས་སྲང་ཉི་ཤུ་རྩ་དྲུག །དུས་ཇ་གཉིས་ཀྱི་རྩིས་ཕུལ་བར་བལ་པོའི་ཁ་ཏ་བླ་བྲང་ནས་བྱེད་རོགས་དང༌། ཡོན་ལྟོ་སོགས་སྤྱི་སོས་འོང་གསུང་འདུག་ཀྱང༌། ར་མ་ལུག་དེ་འདྲ་བྱེད་པ་ལས་ཁ་གཙང་རང་དགའ་བསམ་བྱུང་བ་ཟླ་བ་གཉིས་ཀྱིས་ཀྱང་དང་དོད་ཀྱིས་ཁུར་བླངས་པའི་བལ་པོ་གཉིས་ཀྱིས་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་དུང་གཤོག་སྤུས་ལེགས་སྔར་ཕུལ་བ་དེའི་སྟེང་དུ་ཁ་འབོལ་གཉིས་ལ་དངུལ་སྲང་དྲུག་བཅས་ཁྱོན་སུམ་ཅུ་སོ་གཉིས་དང༌། བལ་པོའི་གླ་ལྟོ་སོགས་བསྡོམས་པར་དངུལ་སྲང་ལྔ་བཅུ་ང་གཉིས་རྩིས་སོང༌། གྲུབ་འཕྲལ་ཆོས་སྐྱོང་ཆེན་པོའི་དབུས་ཞལ་བསྲོ་གནང་མི་དད་དུང་དར་འབུལ་མི་སོགས་མང་པོ་བྱུང༌། བླ་བྲང་ནས་དར་ཚོན་སྣ་ལྔ་ཆ་རེ་ཕུལ། འ་ཞཱའི་རྡོ་རྗེ་འཛིན་པ་ཆེན་པོ་དང་ལྕགས་ཟམ་བཅས་ནས་ཞལ་བསྲོ་དཔག་མེད་བྱུང༌། བསྔོ་བ་རྒྱས་པའི་སྒོ་ནས་དགེ་བ་རྫོགས་བྱང་དུ་བསྔོས། དེ་ལྟར་རང་ངོས་ནས་ལྷག་བསམ་རྣམ་དག་གི་འབད་འབུངས་བགྱིས་པའི་ཁུལ་ཡིན་མོད་ཀྱང༌། འཇམ་མགོན་ས་སྐྱ་པཎྜི་ཏས། ཆོ་ག་ལོག་པར་བསྒྲུབ་པ་འགའ། །ཡང་དག་ཆོ་ག་བྱེད་ལ་བརྙས། །ཙཱུ་ཏའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མིར་མི་བརྩི། །ཞེས་གསུངས་པ་ལྟར་ཕྲག་པ་སྦྲུལ་འཚངས་ནས་དོག་བོར་མ་བདེ་བ་དག་ནི་ཀུན་སློང་གིས་བདག་བསྟོད་གཞན་སྨོད་བྱེད་པའང་སྣང༌། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། གང་ཞིག་འདི་ན་རི་དྭགས་ལྟེ་བ་ཡིས། །དྲི་ཞིམ་དགྲ་བོར་འཛིན་