[A:༥༠༧]པའི་མིག་གིས་མཐོང༌། །ཞེས་གསུང་པ་ལྟ་བུ་ལ་ནི་ཅི་བྱར་ཡོད། ཆུ་བོ་རི་ནས་གྲུབ་པའི་འཁོར་ལོས་སྒྱུར་བ་ཐང་སྟོང་པ་ཆེན་པོའི་རྣམ་པར་སྤྲུལ་པ་མཆོག་གི་སྤྲུལ་པའི་སྐུ་ངག་དབང་བློ་གསལ་ཉི་ཟླ་འོད་འབར་གྱིས་བཀའ་གནང་ལྟར་ལྕགས་ཟམ་བླ་བྲང་དུ་དཔལ་རྡོ་རྗེ་ཕྲེང་བ་ཀྲྀ་ཡ་ཆུ་བོ་གཅིག་འདྲེས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཤིན་ཏུ་རྒྱས་པ་དང༌། གཞན་ཡང་སྔ་ཕྱི་མང་པོར་སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། རྣམ་སྲས་ལྔ་ཕྲག་གསུམ། དམར་པོ་སྐོར་གསུམ་སོགས་རྗེས་གནང་དབང་ལུང་མན་ངག །མཁའ་སྤྱོད་མའི་ཁྲིད་སོགས་ཤིན་ཏུ་མང་བ་ཐུགས་བཞེད་དང་མཐུན་པར་ཕུལ། གྲྭ་ཚང་གི་ཆོས་འཆད་ཉན་ཀྱང་ལེ་ཤོར་མེད་པ་བཏང༌། དེའི་སྟོན་མཇུག་སྟོན་ཆོས་གཉིས་པ་གྲོལ་འཕྲལ་བློ་གསལ་ལྡན་གཉིས་བཅས་ནཱ་ལེནྡྲར་དྲིན་ཅན་རྡོ་རྗེ་འཆང་ཆེན་པོའི་ཞབས་དྲུང་དུ་མཇལ་བར་ཕྱིན། དུས་མཆོད་སྟབས་ནས་ཧ་ལས་པ་རང་འབུལ་རྒྱུ་མ་བྱུང་ཀྱང་སྐུ་དྲིན་གསབ་ཕྱིར་ན་བཟའ་ཆ་ཚང༌། དར་རས་ཨར་སྡུམ་སོགས་འབུལ་བའང་དགའ་རབ་ཡོད། ཞལ་དཀྱིལ་མཇལ་མ་ཐག་ཤིན་ཏུ་དགེས་པའི་གསུང་གླེང་མང་བར་གནང༌། རེ་ཞིག་ཅིས་ཀྱང་སྡོད་ཕེབ། ཆོས་བཀའ་འདྲ་དང༌། ཁྱད་པར་སྟག་ཞོན་ལྷ་མང་གནུབས་ལུགས་ཀྱི་རྗེས་གནང་སྔར་མ་ཞུས་པ་ཅིས་ཀྱང་བཀའ་དྲིན་བསྐྱང་དགོས་ཡོད་ཞུས། ཤིན་ཏུ་དགྱེས་པའི་ཞལ་འཛུམ་གནང་ནས་ད་ལམ་སྟག་ཞོན་སྔར་མ་གསན་པ་འདུག་ན་འབུལ། གཞན་གསུང་གླེང་རང་གནང་དགོས་འདུག་ཅེས་དགྱེས་པའི་ཡང་རྩེར་སོན། སྡོད་སའང་གཟིམས་ཆུང་དབང་ཁང་རང་དུ་འཇོག་པ་གནང༌།