R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༨
[A:༥༠༨] ཞག་བདུན་གྱི་བར་ཉན་འཁྱོངས་འཕྲལ་ཕུགས་འདི་ཕྱི་ཐམས་ཅད་ཀྱི་བསླབ་དོན་མདོ་སྦུགས་མེད་པར་སྩལ་ཞིང༌། ནུབ་གཅིག་རྗེས་གནང་གི་ཕྱག་དཔེ་གཟིགས་རྟོག་གནང་འདུག་པར་དེ་འདྲའི་སྐུ་བསྙེལ་བ་མི་དགོས། ཕྱག་དཔེའི་སྟེང་ནས་གནང་ཆོག་ཞུས་པས་དེ་འདྲ་བྱས་ན་མིག་ལྟོས་ལ་གནོད་འོང༌། ཨའུ་རྩི་ཞེས་དེ་ནུབ་རྗེས་གནང་ཤིན་ཏུ་རྒྱས་པར་གསུང་བཤད་གཟབས་བཤད་དང་བཅས་པ་དང༌། མཇུག་གཏོར་མའི་བཀའ་བསྒོའང་གསུང་དཔངས་ཤིན་ཏུ་མཐོ་བ་དང་བཅས། ཆོས་སྐྱོང་དངོས་སུ་གཏད་པ་ལྟ་བུའི་ཟིལ་ཆེ་ཞིང་བྱིན་རླབས་གཞན་དང་མི་འདྲ་བ་བྱུང༌། འདི་ལོ་དགུང་ལོ་རེ་དགུའི་སྟེང་དུ་ཕེབ་པ་ཡིན་ཞིང༌། རྗེ་བླ་མ་དམ་པར་ཚེ་འདིར་གསུང་གི་བདུད་རྩི་ཐོབ་པའི་ཐ་མའང་འདི་ཡིན། དེའང་ཐོག་མར་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ཐོབ་པས་ཚེ་རིང་བའི་རྟེན་འབྲེལ། ཐ་མར་སྟག་ཞོན་སྩལ་བས་བར་ཆད་མི་འབྱུང་བའི་རྟེན་འབྲེལ་བསྒྲིགས་པར་གནང་བ་ཐེ་ཚོམ་མི་མངའའོ། །འོང་གདོང་སྐུ་ཞབས་སུ་གུང་ཚིགས་ལྷན་དུ་གནང་ཐོག་རྒྱུན་བཞེས་གནང་བའི་ཞལ་དཀར་གསོལ་ཇ་དང་བཅས་པ། ཇ་འཁོར་དྲུག་གི་མཚོན་གནང་སྦྱིན་དཔག་མེད་དང་ཕྱག་མདུད་བྱིན་རླབས་ཕྱག་གཉིས་ཆར་གྱིས་ཡུན་རིང་མགོར་འཇོག་པ་གནང༌། བློ་གསལ་བློ་ལྡན་གཉིས་ལའང་གནང་སྦྱིན་དང་འདི་ཕྱི་བར་གསུམ་གྱི་བསླབ་དོན་ནན་ཆགས་པར་གནང༌། ཞབས་སྤྱི་བོར་བཀོད་པའི་བཀའ་བསྒོ་རྒྱས་པ། དབྱར་ཅིས་ཀྱང་ཕེབ་པ་ཞུ་ཞེས་ཡང་ཡང་གནང༌། སྐུ་རགས་ཀྱི་གསེབ་ནས་དངུལ་སྲང་གང་བཏོན་ནས་ལག་ཏུ་འཇོག་པ་གནང༌། ཞལ་འཛུམ་དཔག་མེད་གནང་འདུག་པར་ད་ནི་བླ་མ་འདི་དང་མཇལ་བ་ཞིག་