[A:༥༠༩]ཚེ་འདིར་མི་འོང་སྙམ་སེམས་འཕྲེང་བ་ལ་ཚད་མེད་ཅིང་མིག་མཆི་མས་གང༌། སྐད་ཀྱང་མི་འཐོན་པ་ཙམ་དུ་གནང༌། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་འབྲལ་བ་མེད་པར་རྗེས་སུ་གཟུང་དུ་གསོལ། ཞེས་གསོལ་བ་འདེབས་ཀྱིན་ཕྱི་འགྲོས་ཀྱིས་འོངས། གཟིམས་ཆུང་གི་སྒོ་འགག་སྐས་མགོར་སླེབས་ནས་ཀྱང་གསུང་ཤུགས་ཆེན་པོས་དབྱར་ཅིས་ཀྱང་ཕེབ་པ་ཞུ་ཞེས་གནང་བྱུང་བས་ཐོས་མ་ཐག་ལོག་གམ་སྙམ་པ་བྱུང་ཀྱང་ལས་ཀྱིས་མནར་བའི་ཐ་ཤལ་བ་བདག་འདྲ་བ་ཚེ་འདིར་མཇལ་བའི་སྐལ་བས་དབེན། ཕྱག་མཛོད་སོགས་རྒྱ་སྒོ་འགག་ཏུ་ཕེབ་ནས་སྐྱེལ་བ་གནང༌། འབུམ་པ་ཐང་ནས་རི་ཟུར་དུ་མ་སླེབས་བར་ཐོག་གི་བད་ཟུར་ནས་དབུ་སྐྱ་རིལ་བཞུགས་པ་གནང་འདུག་པས་ཀྱང་སེམས་ཤིན་ཏུ་སྐྱོ་བའི་ཚད་ཅིག་ཏུ་བྱུང༌། སྐལ་མེད་བདག་ཅག་རྣམས་ཀྱིས་ནི་ལོག་འོངས། དེ་ནུབ་དེས་གོང་དུ་བསྡད་པར་ཡང་ནུབ་མོ་ཉལ་དུས་གཟིམས་ཆུང་རྩེ་ནས་ཐུགས་རྟོག་གནང་བ་དེ་དྲན། སྔས་སྦངས་པའི་མཆི་མ་མཚན་ཡལ་ཤོར། དེ་ནས་དྲེད་པོ་ཁོ་ལ་ནི་ཉི་མ་གཉིས་པ་ནས་དགའ་ལོད་མི་གདའ། འཕན་ཡུལ་མདར་འོངས། སྒྲུབ་པ་པའི་གཟུགས་དབུ་རྒྱན་གྱོན་པ་ཞིག་གིས་བྱིན་རླབས་ཞུས། གཏམ་སྦ་རི་སྦི་རི་མང་པོ་ཟེར་ཞིང་གདའ། དེ་ནས་ལྷ་སར་སླེབ། ཕོ་བྲང་ཆེན་པོ་ནས་ར་སྦྲེང་མཁན་རིན་པོ་ཆེ་ནས་འོང་དགོས་ཚུལ་གནང་བ་ལྟར་ཤར་ཆེན་ལྕོག་ཏུ་ཕྱིན། སྒྲུབ་ཐབས་བརྒྱ་རྒྱམ། དམར་པོ་སྐོར་གསུམ། གྲྭ་པའི་ཛཾ་དམར་སོགས་རྗེས་གནང་མང་བར་འབུལ་དགོས་བྱུང་བའི་ཞག་བདུན་གྱི་བར་ས་