[A:༥༡༠]སྲིབས་ནས་ནམ་ཕྱེད་བར་ཕུལ་བས་དགྱེས་པར་གྱུར། གསེར་དངུལ། གོས་དར། ཇ་སོགས་གནང་སྦྱིན་དཔག་མེད་སྩལ། དེ་ནས་སྐྱིད་གཤོངས་སུ་སླེབ། དགུན་ཆོས་སྔ་རྟིང་སོགས་ཆོས་ར་འཕེལ་བར་བྱུང༌། དེ་ལ་སོས་གླིང་སྟོད་ཞབས་དྲུང་རིན་པོ་ཆེ། སྤངས་པ་སྤྱན་སྔ་ངག་དབང་ཕྲིན་ལས་སོགས་ལ་རྡོ་རྗེ་བྲག་རྫོང་མའི་ཁྲིད་སྨིན་པར་ཕུལ། དབྱར་ཆོས་དང་གཉིས་སྔར་འཁྱུད་ལྟར་ལས། རྒྱུ་ལམ་རྣལ་འབྱོར་མའི་ཁྲིད་ཆར་ཆེན་དུ་བྱས། འདི་ལོ་སྦྱིན་བདག་ཁུ་སྤེ་བ་ཡིན། རང་ལོ་ཞེ་དགུར་སླེབ། གླིང་སྨད་ཞབས་དྲུང་དཔལ་ལྡན་གྲགས་པ་གཤེགས་པའི་དབང་བསྐུར་མེ་མཆོད་སོགས་བྱས། དགོངས་རྫོགས་ཀྱང་རྗེས་འཇུག་མེད་གཤིས་བླ་བྲང་དང༌། ཁམས་ཚན་དགེ་རྒན་ཕུན་གྲགས་བཅས་པས་འཁུར་ཁུར། གསང་ཕུར་མང་ཇ་འགྱེད་བཅས། གྲྭ་ཚང་ལ་ཀུན་རིག་གི་ཆོ་ག་ཉིན་གཉིས། སྐུ་མཆོད་དུས་གྲྭ་ཚང་དུ་ཀུན་རིག་སྟོང་རྩ། ཟླ་ཇ་གཅིག །ཚོགས་དབུས་སུ་ཀུན་མཁྱེན་བསོད་ནམས་སེང་གེའི་འདྲ་སྐུ་སྨན་འདམ་ལས་གྲུབ་པ་མི་ཚད་མ་བཞུགས་ཁྲི། ཉེར་སྤྱད། ན་བཟའ། དབུ་ཞྭ་སོགས་ཆ་འགྲིག །སྤུས་འབྱེད་ལ་ལྕགས་བཤན་པར་ཁབ་སོགས་ལེགས་པར་གྲུབ་པས་དགོངས་པ་རྫོགས་པ་ཡོད། དབྱར་ཆོས་གྲོལ་ནས་སྐུ་ཞབས་རིན་པོ་ཆེ་གཙང་ནས་ཕྱིར་ཕེབ་ཀྱི་ཆིབས་བསུ་སེར་སྦྲེངས་སོགས་གོང་དཀར་ནས་བརྡ་འགྲེམས་གནང༌། བྱིང་ཡན་ལྷ་སྡེ་མི་སྡེ་ཐམས་ཅད་བྱང་ཐང་དུ་ཞག་བདུན་གྱི་བར་དུ་འཚོགས། ཆིབས་བསུ་སེར་སྦྲེངས་སོགས་ཧ་ལས་པར་བྱུང་སོང༌། དེ་ནས་སྟོན་ཆོས་གཉིས་ཚར་ནས་དགུན་ཆོས་དང་སྦྲགས་གླིང་སྨད་ཆོས་རྗེ་ཀུན་དགའ་འབྱུང་གནས། གླིང་སྟོད་ཆོས་རྗེ་ཀུན་དགའ་གྲགས་འཛིན།