[A:༥༡༡] རྣམ་སེར་དྲུང་ཆེན་ངག་དབང་དངོས་གྲུབ། སྤངས་པ་སྤྱན་སྔ་ངག་དབང་ཕྲིན་ལས། ཆོས་འཁོར་གནས་དཔོན་སློབ་ལེགས་པ་རྣམ་རྒྱལ་དཔོན་སློབ་གསུམ། དྭགས་པོ་གྲྭ་ཚང་ནས་རབ་འབྱམས་པ་བསྟན་པ་རྒྱ་མཚོ། ཤིང་མང་དཔོན་སློབ་ཀུན་དགའ་རྡོ་རྗེ་དཔོན་སློབ་བཞི། བསམ་ཡས་རབ་བྱུང་པ་དྲུང་འཚོ་ཀུན་དགའ་རྒྱལ་མཚན་ལགས་དང༌། དགེ་སློང་ཀུན་དགའ་སངས་རྒྱས། བྱེ་རྫིང་ཚོགས་པ་བྱང་འདྲེན་ཕྲིན་ལས་སོགས་དྲུག །དབུས་སྟོད་རྒྱལ་སྟེང་པ་དགེ་སློང་ཆོས་གྲགས་ཅན་སོགས་གསུམ། ད་ལྟའི་གྲྭ་ཚང་དཔོན་སློབ་བློ་གསལ་བསྟན་འཛིན་སོགས་བཞི་བཅུ་སྐོར་ལ་གསུང་ངག་ཚོགས་བཤད་མཛེས་རྒྱན་གྱི་སྟེང་ནས་ཤིན་ཏུ་སྨིན་པ། བླ་མ་བརྒྱུད་པའི་རྣམ་ཐར་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་སྟེང་ནས་བློ་ཐོག་དང༌། བླ་བརྒྱུད་སོ་སོའི་རྣམ་ཐར་གྱི་ལུང་སོགས་མཛེས་རྒྱན་སོར་བཞག་ཤིན་ཏུ་རྒྱས་པ་ལ་བྱིན་རླབས་ཐད་སོར་སྦྱར་བའི་ངོར་ལུགས་ཁ་གཙང་བྱས། འདི་ལམ་འབྲས་འཆད་པ་བཞི་པ་ཡིན། བར་བར་དུ་འདོད་ཆོས་དབང་རྗེས་གནང་སོགས་བཞེད་པ་བསྐངས། མཚན་ཉིད་པའི་ཉམས་བསྟན་དོགས་ཆོས་རའང་མ་ཆད་པར་བཏང༌། དེ་ནས་དཔྱིད་ཆོས་སོགས་ཀྱང་སྔར་བཞིན་བཏང༌། དེ་ནས་གསང་ཕུ་དང་ཟུལ་ཕུའི་དབྱར་ཆོས་བཏེག །འདི་ལོ་སྦྱིན་བདག་གནས་སྒོ་གྲྭ་ཚང་ཡིན། རང་ལོ་ལྔ་བཅུར་སླེབས། ལྷ་སར་མི་གསོད་སྟབས་གྲུ་སོགས་ལ་དམ་དོགས་ཆེ་བ་ལྡན་པར་ཐེའུ་ཙེ་རྒྱག་པ་སོགས་སྒྲིག་གྱ་མ་དོ་འོང་པའི་མགོ་ཚུགས། སྡེ་སྲིད་ཁྲི་གསར་ཁྲི་ཕེབ་ཞལ་དཀར་ཡང་དགོས་བྱུང༌། དབྱར་ཆོས་གྲོལ། རྡོ་རྗེ་བྲག་ཏུ་ཕྱིན། མི་འཁྲུགས་