R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༢
[A:༥༡༢]པ་ལྷ་དགུ་དང་གདུགས་དཀར་བཅུ་གསུམ་མའི་དབང་སོགས་ཕུལ། འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་ཞུས། མ་ནས་རང་ལོ་སོ་བདུན་ནས་བཟུང་བསྙེན་རྫོགས་ལས་གྲལ་བྱུང་རེས་ཀྱིས་ལས་སློབ་ལ་འགྲོ་དགོས་ཀྱིན་ཡོད། འདི་ལོ་སྐུ་ཞབས་རྩེ་གཙང་ལྷོ་སོགས་ཕྱོགས་ངེས་མེད་དུ་ཆིབས་ཁ་འཕྲལ་འཕྲལ་བསྒྱུར། སྡེ་སྲིད་ཀྱང་འོལ་ཁ་བརྒྱུད་ལྷོ་ཁ་གཞུང་དུ་ཕེབ། ཐོག་མར་གོང་དཀར་དུ་རྩེ་མཇལ། སྡེ་སྲིད་དགོན་པར་སྤྱན་འདྲེན་པའི་ཉེར་བསྡོགས་གྲུབ་ནས་སྐྱི་གཤོངས་མངའ་ཁུལ་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་ཆིབས་བསུར་ཕྱིན། གུང་ཚིགས་ལ་གྲྭ་ཚང་དུ་སྤྱན་འདྲེན་ཞུས་པའི་ཐོག་འབུལ་བ་སོགས་ཀྱང་གྲྭ་འགྲིགས་པར་བྱུང༌། དེ་དུས་ཐམས་ཅད་ཀྱི་བསོད་ནམས་ལས་གྲུབ་པའི་གསེར་དངུལ་ཇ་གོས་དར་སོགས་གང་ས་ནས་འབོལ་བར་ཡོད་པས་སྡུག་སྐད་ཁྱི་ལག་པ་ཆག་ཆག་མ་དགོས་ཤིང༌། སྡེ་སྲིད་དཔོན་གཡོག་ཀྱང་མཉེས་པར་བྱུང་བ་ཐམས་ཅད་ཀྱི་དགོངས་མངའ་ལྟར་ལགས། དེ་ནས་སྟོན་ཆོས་སོགས་ཆོས་ར་ནི་སྨར་བ་བྱུང༌། འདི་ལོ་དཔོན་སློབ་སངས་རྒྱས་རྒྱལ་མཚན་དང་ཚོང་འདུས་ཚོགས་པ་འགའ་ཞིག་བཅས་ལ་མགོན་པོའི་ཁྲིད་བྱས་པ་ལོ་འདི་ཡིན་ཚོད་དང༌། བཀའ་འགྱུར་བ་ངག་དབང་རབ་བརྟན་ལགས་ལ་བྱང་ས་བསླབ་བཏུས་སོགས་ཀྱི་ལུང་ཕུལ། དེ་སྔ་འདུ་ཁང་དུ་སེང་ལྡེང་ཐིག་སྒྲོམ་ལས་ཤིང་རྩི་ཤོག་ཆེན་མེད་པར་བརྟེན། མགོ་མི་བསྐོས་པའི་ཤིང་རྩི་ཟབ་རྒྱས་སྒོ་གོང་དུ་དགེ་འདུན་འཕེལ་བའི་རྟེན་འབྲེལ་རིག་བྱེད་མའི་སྙིང་པོ་སྤེལ་ཚིག་དང་བཅས་པ་བཀོད། འདུ་ཁང་དང་གཟིམས་ཆུང་དུ་བཞུགས་ཁྲི་ཐག་པས་བརྟེན་དགོས་པའི་ཤོག་ཆེན་མེད་གཤིས་ཕུགས་ཀྱི་རྒྱུན་ལ་བསམས་ནས། འདུ་ཁང་དུ་བཞུགས་ཁྲི་བསྙེལ་ཁྲི་ཁྲི་སྐས་བཅས་དང༌།