[A:༥༡༣] གཟིམས་ཆུང་དུ་བཞུགས་ཁྲི་ལེགས་པ་གསར་བཟོས་འདི་གཉིས་ཀྱི་ཤིང་སྐུ་རྟེན་པ་ལགས་ལ་ཞུས་ཤིང༌། རྩི་གསེར་ཤོག་དུམ་བུ་དབུ་མཛད་བོས་པས་བླ་བྲང་རང་ནས་བགྱིས་པ་ཡིན། དེའང་གསོ་སྦྱོང་སོགས་དགེ་འདུན་གྱི་སྡེར་མེད་ཐབས་མེད་པ་ཡིན་པར་ཤེས་ནས་ཡར་ངོ་བཅོ་ལྔ་པ་དང་མར་ངོ་བཅུ་བཞི་པ་འདུལ་བ་རང་གི་ལུགས་ཕྱག་ལེན་གཙང་བ་འདུལ་བ་ནས་ཇི་ལྟར་བཤད་པ་ལྟར་དགེ་བསྐོས་ཀྱིས་སྨྱིག་མའི་ཐུར་མར་གྲངས་བརྩིས་པའི་མདོ་བསྐུལ་བ་གསོ་སྦྱོང་གི་དུས་ཆོས་བསྒྲགས་པའི་མདོ་དང༌། སོ་ཐར་གྱི་མདོ་འདོན་པ་སོགས་སླ་བཅོས་སུ་མ་སོང་བར་བགྱིས་ནས་བསྟན་པར་བྱ་བ་བྱས་པ་གཟུར་གནས་རྣམས་ཀྱིས་མཁྱེན་པ་ལྟར་ལགས་ཀྱང༌། རང་རྒྱལ་གཞན་ཕམ་འདི་ཆོས་པ་ཡོངས་ལ་གནོད་གྲགས་པའི་སྟབས་དེང་སང་ནི་སྨྱིག་མའི་ཐུར་མ་ཙམ་ལུས་འདུག །སླར་ད་ལྟའི་དཔོན་སློབ་ལས་ཐོག་པས་གསོ་བ་གནང་ཁུལ་ཡིན། དེ་ནས་དགུན་ཆོས་གཉིས། དཔྱིད་ཆོས་སོགས་སྨར་བར་བྱུང༌། དེ་ནས་གསང་ཕུར་བཏེག་པའི་འདི་ལོ་སྦྱིན་བདག་ར་བ་སྟོད་པ་ཡིན། རང་ལོ་ང་གཅིག་ཏུ་སླེབས། གདུལ་བྱ་རིག་ལུང་སོགས་འཕེལ་བར་བྱུང་ཀྱང་འཁྲུགས་ཟིང་གི་མགོ་ཚུགས། གསང་ཕུ་གྲྭ་ཚང་རྣམས་ནས་ཀྱང་མི་བཅུ་རེའི་ཐོག་ནས་མི་རེ་དམག་ཏུ་འགྲོ་དགོས་པ་སོགས་མི་བདེ་བའི་ངང་དུ་སོང༌། ཟུལ་ཕུར་ཡང་ཟིར་ལོང་དེ་ཀས་དུས་འདའ་བཞིན་དུ་སོ་སོར་གྱེས། སྐྱིད་གཤོངས་སུ་ཕེབ་འཕྲལ་ནས་སྡེ་སྲིད་ཆེན་མོ་གོང་དཀར་དུ་ཕེབ། ཡང་ཡང་དམག་བསྡུ་བའི་གྲབས་གཤོམས་གསར་ནས་འཇོག་དགོས་པ་སོགས་གཡེང་བ་ཤིན་ཏུ་ཆེ། གྲྭ་གཞོན་འགའ་ཞིག་ནི་དམག་ལ་འགྲོ་བར་བྲེད་ཁ་ཡོད་པ་ལྟ་བུ་དང༌། འགའ་ཞིག་