[A:༥༡༦]སྐྱེད་ཚལ་ཀླུ་སྡིངས་སུ་ཕེབ། དེ་ནས་དབྱར་ཆོས་ཆེ་བ་གྲོལ་ནས་ཟུལ་ཕུར་དབྱར་ཆོས་བཏང༌། སོ་སོར་གྱེས། དབྱར་ཆོས་གཉིས་པ། སྟོན་ཆོས་སྔར་རྟིང་སྔར་རྒྱུན་ལྟར་བཏང༌། རྨོར་དུ་འདུ་ཁང་ཞིག་རལ་ཆེས་པའི་མི་བྱེད་ཁ་མེད་ཡོད་པ་དང༌། གྲྭ་པ་ཕོན་ཆུང་ཞིང་མི་སེར་ཉུང་བ་བཅས་བླ་བྲང་ཡང་གཅོང་ཆེས་པས་མགྱོགས་ཙམ། ཨར་པོ་ནི་དགོས་འདུག་གཤིས་ཤོག་ཡངས་ཁྱད་ནས་འདུ་ཁང་ཐོག་རང་དུ་བླ་བྲང་ཉིས་བཅོགས་དགོས་ཚུལ་བྱུང་བ་ལྟར་ཁ་འདོན་སོགས་མི་འགོལ་བ་འོང་འདུག་ཀྱང་དེ་ཁ་བྱས་ཆོག་བྱས་ནས་འདི་ལོ་ཨར་པོ་བཙུགས། བློ་གསལ་ཨར་པོའི་དོ་དམ་ལ་བསྡད། ངེད་བློ་ལྡན་བཅས་པས་དབྱར་ཆོས་ལ་ཕྱིན། ཚུར་འཁོར་དུས་ཞལ་བ་ཙམ་མ་གཏོགས་ཕལ་ཆེར་ཟིན་འདུག་ཅིང༌། བྲག་ཅན་སྤྲུལ་སྐུ་རྟ་ར་བར་ཤོག་ཁྲ་བཀོད་ནས་གཏད་པ་ལྟར་བཀོད་པ་ལེགས་ཤིང་སྡོད་སྤྲོ་བར་བྱུང་འདུག །དེ་ནས་དབྱར་ཆོས་གྲོལ། ཞལ་བ་སོགས་ཀྱང་འཕྲོ་མཐུད་ཞབས་སུ་གྲུབ། སྟོན་ཆོས་གཉིས། དགུན་ཆོས། དཔྱིད་ཆོས་གྲུབ་ནས་དབྱར་ཆོས་བཏེག །འདི་ལོ་སྐུ་ཞབས་པད་དཀར་འཛིན་པའི་ཞལ་དཀར་ལེགས་འབུལ་ལ་གོང་དཀར་མངའ་ཁུལ་རྣམས་ཉིན་དང་པོར་ཕུལ། དེ་སྐབས་ཞོལ་སྐུ་རིམ་ཁང་དུ་གཏེར་བདག་གླིང་པ་དང་མཇལ། བཀའ་གླིང་ཤིན་ཏུ་སྨར་བར་བྱུང༌། རྩེར་གྲྭ་ཚང་གི་གྲྭ་པ་དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་སོགས་ཀྱི་བཀའ་གནང་ལྟར་ནུབ་དང་པོ་སྟ་གོན་དང༌། གཉིས་པར་དངོས་གཞི་ཕུལ་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བདེ་མཆོག་ཟབ་དོན་དྲིལ་བུ་ལྷ་ལྔའི་དབང་རྒྱས་པ་དང༌། དམར་པོ་སྐོར་གསུམ་གྱི་རྗེས་གནང་ཁ་ཤས་དང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སོགས་གྲྭ་པ་བཅུ་གཅིག་ཙམ་ལ་ཕུལ།