R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༧
[A:༥༡༧] གསེར་དངུལ་གོས་དར་སོགས་དཔག་མེད་སྩལ། དབྱར་ཆོས་སྐབས་མི་སྣ་རྣམས་དང་བཅས་པས་ཉང་རོང་པའི་ཕྱག་ནས་དུས་མཆོད་རྩིས་ལེན་ཞུས། ཧོར་ཟླ་ལྔ་པའི་ནང་དུ་གདན་ས་གོང་ནས་གོང་མ་ཆོས་ཀྱི་རྒྱལ་པོ་དབུས་སུ་ཆིབས་ཁ་བསྐྱེད་པས་ལྷོ་ཁ་གཞུང་བརྒྱུད་གྲྭ་ཚང་དུ་སྤྱན་འདྲེན་ཞུ་བའི་སྙན་གསན་ལྷ་སར་ཕབ་པར་ཆོས་སྐྱོང་གི་སྟབས་བཅས་ཞག་གསུམ་སྡོད་ཅེས་ཞལ་གྱིས་བཞེས་པ་ལྟར་གྲྭ་སློབ་ཐམས་ཅད་ཀྱིས་སྤྱི་སོར་དགོངས་པ་ཞུས། སྐྱིད་གཤོངས་སུ་ཕེབ། བདག་ཆེན་རིན་པོ་ཆེའང་དུས་ཐོག་ལ་ཆིབས་ཁ་བསྒྱུར་བས་སོ་ས་རྡོ་ཁང་གི་ཐད་དུ་ཆིབས་བསུ་བ་ཉི་ཤུ་ཙམ་དང་བཅས་རིམ་གྱིས་ཆིབས་ཁ་བསྐྱོད། ཞལ་བཞེས་ལྟར་ཞག་གསུམ་བཞུགས་སྟན་འཇག །སྤྱི་སྒེར་སོ་སོ་ནས་ཆེ་འབྱོར་ཆུང་འབྱོར་གྱི་འབུལ་བ། གསོལ་ཆས། ཟུར་གསོས། ཉིན་བསྟར་གསོལ་སྟོན་སོགས་རྒྱས་པར་ཞུས། བསམ་ཡས་ཀྱི་ལུང་ཕེབ་ཡིན་གནང་བས་ཆོས་བཀའ་ཤིན་ཏུ་དོགས། ཁྲོམ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་སྩལ། སྒེར་དུ་འཕྲལ་ཕུགས་ཀྱི་བསླབ་དོན་ནར་མ་སྩལ། སྒྲིག་ལམ་སྐོར་ལ་ཚོགས་གཏམ་བཀའ་དྲིན་བསྐྱངས། དེ་ནས་རྒྱལ་ཁུང་བར་ཆིབས་སྐྱེལ་ཞུས་ནས་གྲྭ་སློབ་ཐམས་ཅད་གསང་ཕུར་ཕྱིན་ནས་དབྱར་ཆོས་ཀྱི་འཕྲོས་དང༌། ཟུལ་ཕུའི་དབྱར་ཆོས་ཀྱི་ཆོས་ར་སྨར་བར་བྱུང༌། དེ་ནས་སོ་སོར་གྱེས། སྐྱིད་གཤོངས་སུ་དབྱར་ཆོས་གཉིས་པར་དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཕེབ་པར་དམར་པོ་སྐོར་གསུམ་སོགས་རྗེས་གནང་གི་རིགས་མང་བ་དང༌། དམར་པོ་སྐོར་གསུམ་གྱི་བེའུ་བུམ། ཕྱག་དྲུག་པའི་བེའུ་བུམ་གྱི་ལུང་སོགས་རྒྱ་མ་སྐུ་སྐྱེ་དང་ལྷན་དུ་ཕུལ། འདི་ལོ་དུས་མཆོད་སྟབས་སྟོན་ཆོས་མི་དགོས་གཤིས་རྨོར་དུ་བསྡད་ཅིང་ཤིང་རྩི་སོགས་ཀྱི་འཕྲོ་བསྐྱངས། དགུན་ཆོས་ཀྱི་དུས་རྣམ་སེར་དཔོན་སློབ་དཔལ་འབྱོར་རྒྱལ་མཚན། ཤིང་མང་བླ་མ་དམ་ཆོས་ཀུན་བཟང༌། ཚུལ་ཁང་བླ་མ་བསོད་ནམས་བཟང་པོ་སོགས་