R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༨
[A:༥༡༨]སུམ་ཅུ་སྐོར་ལ་ལམ་འབྲས་སློབ་བཤད་རྒྱབ་བརྟེན་ལུང་བཅས་སྨིན་པར་བཏང༌། འདི་ལམ་འབྲས་འཆད་ཐེངས་ལྔ་པ་ཡིན། དེ་ནས་དུས་མཆོད་ཀྱི་གྲྭ་བསྒྲིགས་ལེགས་པར་གྲུབ། འདི་ལོ་ཤེལ་གྲོང་གི་ནས་བཀར་རྒྱར་བཅུག་ཅིང་དུས་མཆོད་ཀྱི་འཁུར་ཀྱང་བླ་སྤྱི་མི་སྣ་ཐུན་མོང་ནས་བྱེད་པར་བྱས་ཤིང་ཟླ་བོ་རྣམས་ནི་ཁག་སྦྱོང་ཆེ་བར་བྱུང་ཀྱང་ངེད་རང་ནི་སོ་བསོད་པོ་བྱུང༌། ལོ་སྔོན་མ་ཕག་ལོ་ཟླ་བ་ལྔ་པའི་མཇུག་ཏུ་བདག་གི་མ་དྲིན་ཅན་མ་བགྲེས་མོ་དགུང་ལོ་བརྒྱད་ཅུར་ཕེབ་པ་གཤེགས་ཁར་དབུ་སྔས་མགོར་སླེབས། གསལ་འདེབས་སོགས་ཞུས། སླར་སྐུ་གདུང་གི་ཞབས་ཕྱི་མེ་མཆོད་འབུལ་བ་སོགས་ཀྱང་སྦྱོར་དངོས་རྗེས་གཙང་ཞུས། དགོངས་རྫོགས་ལ་གྲྭ་ཚང་རབ་བརྟན་དུ་སྤྱན་འདྲེན་ཞུས་ཐོག་རྨོར་པ་དང་རབ་བརྟན་གྱི་བཙུན་མ་གང་ཡོད་བཅས་པ་ཞབས་ཏོག་སྐུ་ཡོན་སོགས་བླ་བྲང་རང་ནས་ཞུས་པས་སྐུ་དྲིན་བསབས་པར་ཕན་ནམ་སྙམ་སྟེ། མ་དྲིན་ཅན་གྱི་དྲིན་དེ་གཞལ་བར་དཀའ་མོར་གདའ། དེ་ནས་རང་ལོ་ང་ལྔ་པ་ས་བྱི་ཟླ་བ་གསུམ་པའི་ཉེར་བདུན་ལ་དབྱར་ཆོས་བཏེག །མཇུག་སྟོན་ནས་མང་ཇ་འགྱེད་སོགས་ཕུན་སུམ་ཚོགས་པར་བྱུང༌། ཆོས་སྐྱོང་ཆེན་པོས་ཀྱང་མང་ཇ་འགྱེད་བཅས་རྒྱས་པ་དང༌། ར་བ་སྨད་ཀྱི་བླ་མར་འཆད་ཉན་གཙོ་བོར་བྱེད་པ་ལས་འགྱེད་སོགས་ཞལ་འདེབས་ཙམ་ལས་མི་དགོས་པར་བཅའ་ཡིག་ལྟར་ཡིན་ཀྱང༌། མང་ཇ་འགྱེད་སོགས་སྤྲུག་སྤྲུག་གསིག་གསིག་བྱེད་ཁུལ་གྱིས་སྐམ་འགྱེད་ཀྱང་དགེ་འདུན་སྟོང་ཕྲག་གཉིས་བརྒལ་བར་དགེ་འདུན་རེའི་ཕྱག་ཏུ་སྨན་ཁ་བདུན་རེ་འབབ་ངེས་ཕུལ་ཞིང༌། སྤྱི་སོ་རང་གི་སྐམ་འགྱེད་ལོགས་སུ་བཏང་ནས་དུས་ཆེན་ཡན་ཆད་གེགས་མེད་དུ་འགྲུབ་པའི་གཞི་