R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༩
[A:༥༡༩]བཙུན་རྣམས་ལའང་མང་ཇ་འགྱེད། ཆོས་སྐྱོང་ཆེན་པོར་གཏང་རག་གི་སྙན་ཤལ་རྒྱས་པར་ཕུལ། ཟུལ་ཕུར་ཡང་མང་ཇ། གཞུང་གི་ཞབས་བརྟན། དུས་མཆོད། སྐུ་སྐལ་སོགས་སྔར་རྒྱུན་ལྟར་ཕུལ། མར་ལམ་ཤེལ་གྲོང་དུ་གཉེར་པ་གྲགས་པ་དང་དཔལ་འབྱོར་གྱིས་ཀྱང་ལྷ་མཆོད་ཕུན་སུམ་ཚོགས་པར་ཞུས། འདི་ལོ་ཟླ་བ་ལྔ་པའི་ནང་དུ་བདག་གི་ཕ་དྲིན་ཅན་དེའང་དགུང་ལོ་གྱ་ལྔའི་སྟེང་དུ་གཤེགས། དུས་མཆོད་ཀྱི་སྟབས་ནས་ངེད་རང་སྐུ་གདུང་གི་ཞབས་ཕྱི་སོགས་ལ་འོང་མ་ཐུབ་ཀྱང་བློ་གསལ་གྱིས་ཕྱིན། དབྱར་ཆོས་གྲོལ་བའི་ཤེལ་གྲོང་ནས་གྲྭ་ཚང་གདན་འདྲེན་ཞུས་པའི་ཞབས་ཏོག་ཡོན་སོགས་གོང་མཚུངས་བཟང་ངེས་བསྒྲུབས། བདག་གི་ཕ་རྒན་འདི་རྒྱུན་དུ་གཙུག་ཏོར་རྣམ་རྒྱལ་མའི་གཟུངས་རིང་ཚར་ཉི་ཤུ་རྩ་གཅིག་རེ་དང༌། མཚན་བརྗོད་ཚར་བདུན་རེ་ལ་ཉུང་མཐའ་བྱས་པ། ནཱ་རོ་མཁའ་སྤྱོད་སོགས་ཞལ་འདོན་སྒྲིག་བཅུར་མང་པོ་གནང་བ་ཞིག་ཡིན། དེ་ནས་སྐྱིད་གཤོངས་སུ་དབྱར་ཆོས་གཉིས་པ་དང༌། སྟོན་ཆོས་སྔ་རྟིང་ཀྱང་སྨར་བར་གཏང༌། འདི་ལོ་ཡས་མས་ཕན་ཚུན་ཐམས་ཅད་དུ་འབྲུམ་ནག་མཆེད་དྲག་གཤིས་ལྷོ་བྱང་ཡས་མས་ཕན་ཚུན་ཐམས་ཅད་འགྲོ་ཉག་ཅིག་ཉིན་རེ་ལའང་གཤིན་པོ་དྲུག་བདུན་རེའི་རྩར་འགྲོ་དགོས་སོགས་རང་ལ་གདེངས་གང་ཡང་མེད་པས་ཡིད་འབྱུང་བར་གྱུར་ཀྱང༌། དཀོར་ནག་འདི་ལ་མི་དགྱེས་པ་རང་མི་འདུག་པས་བླ་མ་སྤྱིའི་ལུགས་སྲོལ་དེ་བསྐྱངས། འོན་ཀྱང་ལྷག་བསམ་རྣམ་དག་གི་བརྩེ་བས་ཀུན་ནས་བསླངས་པས་ཉེས་པ་ཅུང་ཟད་ཆུང་བ་ནི་ལོས་འོང༌། བླ་མ་འཕོ་ལེན་གྱི་མཚམས་ལ་སླེབས།