R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༦
[A:༤༥༦]སྔས་སུ་འཇོག་མི་འཇུག །ཁ་ཏོན་ཀྱང་ངག་སྤྲོད་གནང་བའི་གོང་མ་ལྔ་བསྟོད་དང༌། རྣམ་རྒྱལ་གྱི་བསྟོད་པ་འཆི་མེད་དཔལ་སྦྱིན་མ་ལ་སོགས་པ་ཁ་ཡར་ཤེས་ཤིང༌། ཀློག་ཀྱང་འབྱོར་ཀློག་ཕེར་བ་ཡོད། དེ་ནས་ས་ཁྱི་ཧོར་ཟླ་ལྔ་པའི་ཡར་ཚེས་གསུམ་ལ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར་ནས་ཐུབ་བསྟན་ར་བ་སྨད་དུ་ཕེབ། ཕ་མ་གཉིས་སོགས་ཐམས་ཅད་ཕེབ་པའི་སྟ་གོན་མཛད་འདུག་པར་ཤིན་ཏུ་སྤྲོ་བར་བྱུང་ཤིང༌། ང་ལ་པཎ་ཆེན་ག་ཡ་དྷ་རའི་དབུ་ཞྭ་འདྲ་བ་ཞིག་བཟོ་རོགས་དགོས་བྱས་པར་དེ་འདྲ་བ་བཟོས། རིང་འགག་དམར་པོ་གྱོན། རས་གཟན་དམར་པོ་ཞིག་ལ་གཟན་ཁྱེར་བྱས་པའི་བཙུན་གཟུགས་ཀྱི་ཁུངས་ཡིན་ཁུལ་བྱས། དེ་དུས་ཁྲོ་སྤོས་འཛིན་གྱི་གླང་གཟུགས་ཤིག་ཡོད་པ་ལ་པོ་ཏི་ཆུང་ངུ་ཞིག་བཀལ་ཏེ་འཁྲིད་པའི་ཁུངས་བྱས། རང་གི་ཕ་མ། སྲུ་མོ། ཞང་པོ་སོགས་དུ་མ་དང་མཉམ་དུ་ཕྱིན། བྱེད་ལུགས་ལ་དཔག་ན་ཨ་ཙཱརྱ་ལྟོགས་འཁྱམས་པ་ཞིག་གི་བག་ཆགས་འདྲ་བའང་ཡོད། དེ་ནས་ར་བ་སྨད་སླེབས་པའི་ཉིན་སྔགས་འཆང་བླ་མ་ཆིབས་བསྒྱུར་གནང་བྱུང་བ་སྔར་འདྲིས་ལྟ་བུའི་དགའ་སྤྲོ་དང་བཅས་གཟིམས་ཆུང་དུ་མཇལ་དུས། ཕ་རྒན་གྱིས་ངེད་ལ་ཕྱག་རྟེན་ཛི་ཀྵིཾ་ལས་གྲུབ་པའི་སྟོན་པའི་སྐུ་མཁྱིད་གང་བ། གསུང་རྟེན་འཁྲུངས་རབས་བརྒྱ་པའི་གླེགས་བམ། ཐུགས་རྟེན་གདུང་རྟེན་ལྕགས་རྩེ་མ། བསོད་ནམས་ཁ་བཏགས་བཅས་བསྒྲིགས་ནས་གནང་བྱུང་བ་མགྲོན་གཉེར་གྱིས་བླངས་ཀྱང་གཏད་པར་སྐུ་ཞབས་རང་གི་ཕྱག་ཏུ་ཕུལ། ཞལ་འཛུམ་པ་དང་བཅས་ཕྱག་ཏུ་བཞེས་པ་གནང༌། མཇལ་མི་དཔག་ཏུ་མེད་པ་འདུག་ཀྱང་བཞུགས་ཁྲིའི་