[A:༤༥༧]སྐུ་མདུན་དེ་ཁར་ཨོ་ལོ་རང་འདི་ཁར་སྡོད་ཅིག་ཅེས་བཀའ་སྩལ། ང་རང་ལ་བརྩེ་བའི་སྲུ་མོ་དགེ་ཚུལ་མ་ཞིག་ཡོད་པ་དེའང་ངའི་དྲིན་ལས་བཞུགས་ཁྲིའི་མདུན་རང་དུ་འཇོག་པར་གནང༌། སྐུ་ཞབས་གཟིམས་ཆུང་གི་ཀ་བ་ལ་ཞབས་འཆག་གནང་བའི་དུས་སུའང་བདག་གི་མགོ་ལ་ཕྱག་རྗེན་པར་འཇོག་པ་ཡང་ཡང་སྩལ། སྐྲ་ཕུད་ཕུལ་བས་མིང་ཀུན་དགའ་ལྷུན་གྲུབ་ཏུ་འདོགས་པ་གནང༌། ཆོས་གྲྭ་དེ་ཉིད་དུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། གུར་མགོན་ཁྲོ་བཅུའི་རྗེས་གནང༌། རྡོ་རྗེ་སེམས་དཔའི་བསྒོམ་ལུང༌། རོང་སྟོན་གྱིས་མཛད་པའི་ཤེར་ཕྱིན་བཀའ་བབས་དྲུག་གི་ཁྲིད་སོགས་ཐོབ་ཡིག་ཏུ་གསལ་བ་ལྟར་སྐུ་དྲིན་དུ་སྩལ། ཆིབས་ཁ་བསྒྱུར་གདོང་ཨོ་ལོ་འདི་གོང་དཀར་དུ་ཁྲིད་ཤོག །གྲེ་བ་བདེ་མོ་བྱུང་ན་ཆོས་མང་ཙམ་འཆད་རྒྱུ་ཡིན་ཕེབ་པ་ལྟར་གོང་དཀར་དུའང་ཞབས་ཕྱིར་འབྲེངས་པས་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང༌། སྒྲུབ་ཐབས་བརྒྱ་རྩ་ལུང་བཅས། འཆི་མེད་དཔལ་སྟེར་གྱི་ཚེ་དབང་སོགས་རྣམ་གྲངས་མང་དུ་སྩལ། དེ་ནས་དཔལ་ས་སྐྱ་པ་གཙང་དུ་ཆིབས་ཁ་བསྐྱོད། བདག་རྣམས་ར་བ་སྨད་དུ་འོངས། མཁན་ཆེན་སངས་རྒྱས་བཟང་པོས་འཇམ་མགོན་ས་སྐྱ་པས་བཀའ་དབང་གནང་བའི་ཚེ་བུམ་གྱི་སྟེང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་གནང༌། རྣམ་འགྲེལ་དང་རིགས་གཏེར་རྩ་བའི་དཔེ་གཉིས་གནང་ནས་བྱིས་པ་འདི་གྲྭ་ཚང་དུ་ཅིས་ཀྱང་ཐོང༌། དཔེ་འདི་གཉིས་འཛིན་ཆུག་ཅེས་བསླབ་བྱ་གནང་སྦྱིན་རྒྱས་པར་བྱུང༌། དེ་ནས་རང་གནས་སུ་ལོག་ནས་རང་ལོ་བདུན་གྱི་བར་དུ་ཀློག་ཡིག་སྦྱངས། རང་ལོ་བདུན་ཐོག་ཏུ་སླེབས་འཕྲལ་རྩ་རྒྱུད་བརྟག་གཉིས་བློ་ལ་བྱང་བར་བྱུང་ཞིང༌། གཞན་ཡང་འཇམ་དཔལ་མཚན་བརྗོད་སོགས་ཆོས་སྤྱོད་ཆེ་ཕྲ་ཉི་ཤུ་རྩ་གཅིག་