R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༢༠
[A:༥༢༠] མི་སྣ་ཚོར་རྟེན་བསྐུལ་ཡང་ཡང་བྱས། གཞུང་སར་ཡང་དགོངས་ཁྲོལ་ཞུས་གྲུབ་མོད། གྲྭ་པ་རྣམས་ཀྱང་འདོད་ཡོན་གྱི་བྲེལ་གཡེང་སྟབས་ནས་འཕྲལ་བཀོད་མ་ཐུབ་པར་དགུན་ཆོས་ཐུག་འགོར་ཟླ་བ་བཅུ་པའི་ནང་དུ་ཡར་ཀླུངས་བཀྲ་ཤིས་ཆོས་སྡེའི་འ་ཞྭའི་རྡོ་རྗེ་འཛིན་པ་སྐུ་འབྲུམ་གྱིས་ལྟེམ་པས་དག་ཞིང་དུ་གཤེགས་པའི་ཐུགས་དམ་གསལ་འདེབས་རྟེན་སྐྱེལ་བ་དང༌། མེ་མཆོད་སོགས་ལ་འོང་དགོས་ཚུལ་སྤྱི་སོའི་ཕྱག་ཐ་མ་ནན་ཆེ་གཤིས་དཔོན་སློབ་ཀྱི་དམ་ཚིག་དང་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེར་བསམས་ནས་ཁས་ལེན་ཞུས། ཟླ་མཇུག་ཏུ་ཡར་ཀླུངས་སུ་ཕྱིན། རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་གདུང་རིན་པོ་ཆེར་དགྱེས་མཛད་རྡོ་རྗེའི་སྒོ་ནས་དབང་བསྐུར་བ། གདུང་རིན་པོ་ཆེ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པར་མཆོད་པའི་སྤྲིན་གྱི་ཕུང་པོ་དཔག་ཏུ་མེད་པ་དང༌། ཞི་བ་ལས་ཐམས་ཅད་པའི་སྒོ་ནས་བསྲེག་བླུགས་འབུལ་བའི་ཆོ་ག་རྒྱས་པ་བསྟར། གཟིམས་ཆུང་བདེ་ལྡན་དུ་སྒྲེས་པ་ཁ་ཤས་ལ་འཁོར་བ་དོང་སྤྲུག་གི་དབང་ཕུལ། འདུས་ཚོགས་ལ་མང་ཇ་སྙན་ཤལ། གདུང་འབུལ་སོགས་གྱ་ནོམ་པ་ཕུལ། འཇམ་དབྱངས་མཁྱེན་བརྩེའི་ཕྱག་དྲིལ་སྤུས་གཙང་བ་སོགས་སྩལ། གྲྭ་པ་འབྲུམ་པས་རྐྱེན་པ་རྣམས་ལ་དབང་བསྐུར་ལམ་སྟོན་སོགས་ཀྱང་རང་གར་འགྲོའི་གདེངས་མེད་བཞིན་དུ། ཕ་བླ་མ་ཚར་ཆེན་ཡབ་སྲས་ལ་གསོལ་བ་བཏབ་ནས་གང་སྨིན་བགྱིས་ནས་ཞག་བདུན་བསྡད། ཆོས་སྡེའི་སྒྲེས་གསུམ་དང་རྒྱལ་པོའི་དྲུང་བཅས་པས་རེ་ཞིག་ཆོས་སྡེའི་འཁུར་བྱེད་དགོས་ཚུལ་ཨུ་ཚུགས་ནན་ཆེན་གནང་བྱུང་ཀྱང་ཁས་ལེན་མ་ཞུས། ཡར་ལམ་གྲྭ་ཕྱི་ཚོགས་དུས་སུའང་གཤིན་པོ་མང་པོར་དབང་བསྐུར་གསལ་འདེབས་བྱེད་དགོས་བྱུང༌། སྤྱིར་དད་