[A:༥༢༡]ཟས་འདོད་ཡོན་གྱི་རིགས་འདི་བདུད་ཀྱི་བསླུ་ཁྲིད་ཁོ་ན་ལས་ཉེ་བར་གཞིགས་ན་རང་ཉིད་འཆིང་བའི་ཐབས་འབའ་ཞིག་ཏུ་མཆིས་མོད། གཞན་ནན་གྱིས་བཀག་ནས་བརྒྱ་འགུགས་སྟོང་གཤགས་ཀྱི་རྩིས་བཏང་ན་དཀོན་མཆོག་གི་ཐུགས་རྗེས་ཤུགས་ཀྱི་བྱུང་བ་ཡིན་སྙམ་ལོག་འཚོར་མ་སོང་བ་ནི་བྱེད་ཁུལ་ཡིན། དེ་ནས་སྐྱིད་གཤོངས་སུ་སླེབས། བླ་མའི་སྐོར་འོས་ཐོ་བསྡུས་ནས་བརྟག་སྒྲིལ་གོང་ཐོན་ལ་བྱེད་པར་བྱས། བརྟག་སྒྲིལ་ཕུལ་བས་ཐོག་མར་ངེད་རང་ལ་བབས་ཤིང༌། ཆོས་སྐྱོང་ཆེན་པོས་ཀྱང་བྱེད་དགོས་ཞེས་བཀའ་ནན་དང༌། གཟུགས་ཅན་རྣམས་ཀྱིས་ཀྱང་ཨུ་ཚུགས་མཛད་བྱུང་མོད། ད་ཆ་ལེགས་ཉེས་ཇི་ལྟར་ཡང་དུས་མཆོད་གཅིག་པུ་དེ་ནི་གེགས་མེད་དུ་གྲུབ། ད་ཕན་ཚུན་ཐམས་ཅད་དེ་ཁ་རང་བརྟན་ཞེས་ཁས་མ་བླངས་པར་ལག་པ་ཕྱི་གཡུགས་བྱས། གྲྭ་ཚང་དུ་མང་ཇ་དང་འགྱེད་སྔ་རྟིང་གཉིས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་བཞིར་དུས་ཇའི་ཐེབས་དངུལ་སྲང་བཅུ་གསུམ་ཕུལ། གྲྭ་ཚང་གི་ཁུར་ལེན་བྱས་པ་ནས་བཟུང་འདི་ཡན་ལ་བློ་བསམ་ལོག་པ་སྐད་ཅིག་ཙམ་མ་བགྱེས་པས་གཙོ་བོར་དཀོན་མཆོག་གསུམ་ལ་ཅི་མཛད་ཁྱེད་ཤེས་ཆིག་དྲིལ་བྱས་པར་བརྟེན་ལོ་སྔོན་མ་ཅུང་ཟད་བྲོ་འཚལ་བ་དེ་མ་གཏོགས་རང་འཁོར་དང་བཅས་པ་ལ་ནད་མེད་བདེ་བར་འཚོ་བ་དང༌། སྤྱི་སྒེར་ཐམས་ཅད་དུ་ལོངས་སྤྱོད་ཀྱང་བྲེལ་ཕོངས་མེད་པར་བྱུང་ཞིང༌། ད་ཆ་ལོ་བདུན་ཅུར་ཉེ་བར་སླེབས་ཀྱང་འཆད་ཉན་སོགས་བསྟན་པའི་བྱ་བ་དགའ་རབ་བྱེད་བཞིན་པ་འདི་ཀ་ལགས་པས་དཀོན་མཆོག་ལ་བློས་བཀལ་རིན་ཀྱང་ཆོག་ངེས་བྱུང་བས་བསམ་པ་བཟང་བ་འདི་རང་གལ་ཆེ་བར་གདའ། སྨྲས་པ། ལར་ཕེར་རྒྱ་ཅན་ཞིག་མ་