[A:༥༢༢]ལགས་ཏེ། །བློ་དཀོན་མཆོག་གསུམ་ལ་གཏད་པའི་མཐུས། །དོན་ཅི་བསམ་འབད་མེད་འགྲུབ་པ་འདི། །ད་བསམ་ཀྱིན་ལས་འབྲས་ལ་ཡིད་རང་ཆེས། །ཁོང་མཁྱེན་མཁྱེན་དང་ཡོང་ཡོང་ང་རྒྱལ་གྱི། །ཚིག་སྟོང་ཤོག་གི་ཞལ་པོ་མང་ན་ཡང༌། །དོན་རང་ཐོག་ཏུ་ཁྲིག་གེར་སླེབས་པའི་ཚེ། །ལས་དཀར་ནག་གི་མེ་ལོང་འདི་གཟིགས་མོར་ཆེ། །དེ་ནས་རྩེ་ཐང་སྐུ་མདུན་བསོད་ནམས་འོད་ཟེར་ལ་སྤྱི་མཐུན་ཡིན་ཞེས་ཞུས་པར་བཀའ་ཤོག་རིན་པོ་ཆེ་ཕེབ་འཕྲལ་ཁོང་རང་གི་རྩར་སྙན་གསན་འབེབས་པ་དང་བཀའ་ཤོག་སྒྲོག་པ་བཅས་གྲྭ་པ་གཉིས་ཕྱིན་པར་ཟླ་བ་དང་པོར་འོང་ཞེས་གསུངས་དོན་ལྟར་དུས་ཐོག་ཏུ་ཕེབ། ཟླ་བ་དང་པོའི་ཚེས་བཅུ་བཞི་ལ་རྟེན་མཆོད་དཔེ་སོགས་ཆད་ལྷག་མེད་པར་རྩིས་ཕུལ། ངེད་རང་གིས་བསམ་ཡས་ཤག་ཏུ་སྤོས། དགོན་ཞོལ་ཐམས་ཅད་ནས་ཕེབ་མི་མང་བར་བྱུང༌། ཆོས་སྐྱོང་ཆེན་པོ་སྤྱན་འདྲེན་ཞུས། ཤ་དཀར་གྱི་ཏི་རི་སོགས་ཚན་གྲངས་སྙན་དར་གཏང་རག་ཕུལ། ཤིན་ཏུ་དགྱེས་པའི་བཀའ་ལུང་མཛོད་བཏགས་ལ་ཚིག་སྒྲ་ལེགས་པའི་ཚིགས་བཅད་བྲིས་པ་སོགས་སྩལ། ལུས་དང་གྲིབ་མ་ལྟར་མི་འབྲལ་བར་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས། དཔོན་སློབ་གདན་ས་ལའང་བསྐོ་འཇའ་འབུལ་བ་གང་ལེགས་ཞུས། ཚེས་བཅོ་ལྔའི་ཉིན་ཞོལ་ནས་ཤར་ལྕོག་པ། བདེ་བ་ཅན་པ། གཞལ་ཡས་ཁང་པ་སོགས་དང༌། ཆོས་གྲྭ་ནང་གི་དབུ་ཆོས། ཆེ་སྒྲེས། བླ་བྲང་གི་སྐུ་ཚབ་སོགས་ཆིབས་སྐྱེལ་བ་ཉི་ཤུ་ཙམ་དང་བཅས་དགོན་པར་གཡས་སྐོར་གྱིས་འོངས་ནས་དགོན་པའི་ལྟག་ཆོས་འཁོར་སྒང་དུ་གྲྭ་པའང་ཕལ་ཆེར་འདུག །ཇ་རྒྱུག་ཤིན་ཏུ་མང་བར། ཞོལ་པའང་མང་བར་བྱུང༌། ཚན་གྲངས་སློག་ཀྱང་