[A:༥༢༣]ཟབ་པར་ཕུལ་སོང༌། ངེད་རང་གི་བསམ་པར་གྲྭ་ཚང་འདིར་འཆད་ཉན་སོགས་ས་སྟེང་བགག་ཐུབ་ཙམ་བྱུང༌། སྐྱ་སེར་འདི་རྣམས་ཀྱང་སྔོན་ལས་ཀྱིས་འབྲེལ་བ་ཡིན་མཆིས། ད་དུང་ཀུན་མཁྱེན་གོ་རམས་པའི་བསྟན་པ་ལ་ཕན་པ་ཞིག་འོང་བར་ཤོག་ཅེས་ཡིད་ཀྱིས་སྨོན་ལམ་ཡང་ཡང་བཏབ། གྲྭ་པ་རྣམས་ཐུགས་འཕྲེང་བའི་རྣམ་པར་མཛད་ཁ་བཏགས་ཀྱིས་གཡབ་གཡུགས་མཛད་འདུག་པར་རྟ་ཁ་ཕྱིར་བསྒྱུར་བར་བྱས། ལུམ་པ་ལྕང་གཤམ་དུ་རྨོར་པ་རྣམས་ཀྱིས་ཐབ་བསུ་བཅས་འདུག་ཅིང་རང་གནས་རྨོར་གྱི་དབེན་གནས་སུ་སླེབས། རེ་ཞིག་བར་འགོལ་སྡོད་བྱས། སྐྱིད་ལ་སོ་བསོད་པ་བྱུང༌། དེ་ནས་རང་ལོ་ང་དྲུག་པ་ས་གླང་ཟླ་བ་གསུམ་པའི་ནང་དུ་འཕྲེང་པོ་གཞི་པ་གྲྭ་ཚང་གི་དཔོན་སློབ་བློ་གྲོས་དཔལ་འབྱོར་གློ་བུར་དུ་གཤེགས་པའི་དགོངས་རྫོགས་ཀྱི་བསྔོ་རྟེན་སྐྱེལ་བ་དང་སྦྲགས་གྲྭ་པ་གཉིས་གཞུང་སའི་བཀའ་ཤོག་བཅས་དེ་རིང་གཟའ་ཚེས་ལེགས་པའི་རྟེན་འབྲེལ་ཁྱད་འོངས་པ་ཡིན་གཤིས། ད་ལམ་ས་སྐྱ་པའི་བསྟན་པའི་ལ་རྒྱར་བསམས་པས་ཅིས་ཀྱང་འཁུར་ལེན་བྱེད་དགོས་ཞེས་ནན་བསྐྱེད་ཤིན་ཏུ་ཆེ་བ་དང༌། ལྷག་ཏུ་རྡོར་བྲག་ནས་ཀྱང་བྱེད་དགོས་ཚུལ་ཐུགས་དམ་རིན་པོ་ཆེ་ཕེབ་བྱུང་བར། མ་ནས་དེ་འདྲའི་རིགས་བདག་རྐྱེན་ལྟ་བུ་ཡིན་འདུག་པས་བཀའ་དྲིན་ཆེ་འདུག་ནའང༌། ན་སོ་སྨིན་ཅིང་མིག་ཀྱང་མི་གསལ་བ་བཅས་ར་བ་སྨད་ཀྱང་དགོངས་ཁྲོལ་ཞུ་དགོས་བྱུང་གཤིས་གྲྭ་མང་ཐུགས་མི་ཁྲེལ་བ་དང་དགོངས་ཁྲོལ་ཞུ་དགོས་འདུག་ལབ་པར་རེ་ཞིག་ལོག་སོང༌། བློ་ལྡན་འཕྲལ་དུ་ཞུ་ཡིག་ཐེམས་པ་པཀྴི་ལག་བརྒྱུད་བཏང་ཀྱང་ཁོང་པ་རྣམས་ཐབས་ཟབ་དྲགས་སྙན་བགག་ཕུལ་གྲུབ་པས་དགོངས་