[A:༥༢༦]པར་བཀའ་དྲིན་བསྐྱངས་ལགས་དང་སྐུ་མཁྱེན་གྱི་ཚིག་གི་གཏང་རག་འར་མ་འུར་མ་བྱུང༌། དེ་ནས་རང་གནས་སུ་སླེབས། ཆོས་སྡེ་ནས་རྡོ་རྗེ་སློབ་དཔོན་ཆོས་གྲགས་ལགས་དཔོན་གཡོག་གཉིས་ཕེབ། སྔར་གྱི་ཨུ་ཚུགས་ཀྱི་འཕྲོ་མཐུད་ད་ལམ་ཅིས་ཀྱང་འོང་རོགས་མ་བྱས་ན་ཚར་ཆེན་རིན་པོ་ཆེའི་བསྟན་པ་ཞེས་སྨྲ་བའང་ཁ་ཙམ་ཡིན་འདུག་པས་བཅུ་བཞི་མཆོད་པར་ཕེབ་ཐུབ་པ་ཞིག་ཅིས་ཀྱང་དགོས་འདུག་ཅིང༌། དེའི་རིང་ཡང་སྐུ་ཚབ་དོ་ཆོད་ཅིག་ཕེབ་པའི་བླ་བྲང་གི་ས་ཆ་བཀོད་ཆབ་དགོས་གནང་བར། ཐོག་མར་ཁ་ཞེ་མེད་པར་མི་ལྕོགས་ཚུལ་ནན་བསྐྱེད་བྱས་ཀྱང་ཁོང་ཨུ་ཚུགས་ཀྱི་སྤྱན་ཆབ་མཛད་འདུག་པར་བསམ་མནོ་བཏང་བས་ཁོང་སྒྲེས་པོ་འདིས་ཀྱང་འདི་ཙམ་མཛད་པ་ཙམ་དུ་མ་ཟད། སྔར་རང་ལོ་བཅུ་དགུ་པའི་དུས་ཆོས་སྡེ་མཇལ་བར་ཕྱིན་སྐབས་ཀྱང་རྟགས་འདྲ་བྱུང་བ་དང༌། བླ་མ་དམ་པ་རྡོ་རྗེ་འཆང་དང་ཞལ་མི་གཉིས་པ་གཉིས་ཀྱི་ལུང་བསྟན་འདྲ་གནང་ཡོད་ཅིང༌། རང་ཉིད་ཀྱང་ཚར་པ་ཆོས་རྗེའི་རིང་ལུགས་འདི་ལ་ཁ་ཙམ་མིན་པའི་མོས་པ་གཏིང་ནས་ཡོད་པ་སོགས་རྒྱུ་དུ་མས་བསྐུལ་ཞིང༌། རང་གི་རོགས་གཉིས་ལ་རྒྱུ་མཚན་བྱས་པར་ཡང་ད་ཆ་སྐུ་ན་དང་བཅས་འདི་ཁར་སྐུ་མཚམས་འདྲ་གནང་ནས་བཞུགས་ན་དགའ་བ་འདུག་ཀྱང༌། ཅིས་ཀྱང་གནང་ན་དེ་ཁ་ལས་འོས་མེད་པས། དེ་ལྟར་ན་བླ་བྲང་གི་ས་ཆའི་ཁ་འཛིན་མི་དགོས་པར་ཕོག་བླང་ཆོག་པར་བྱུང་ན་དེ་ཁ་མི་གནང་ཁ་མེད་ཡིན་པས་དེ་ཁའི་དན་འཁྱོལ་བྱུང་ན་ཟླ་བ་བཅུ་གཅིག་པ་ཙམ་ལ་འོང༌། དེ་འདྲའི་སྤྱི་ཐམ་མ་བྱུང་ཕྱིན་ད་ལམ་ཁས་བླངས་ཀྱང་མི་འོང་ཞེས་ཚིག་དན་བྱས་ལོག །དེ་ནས་དགེ་སློང་བློ་ཤེས་དཔོན་གཡོག་གཉིས་བྱོན། སྔར་ལྟར་ཀླད་པ་ཉེས་པ་མཐར་