R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༢༥
[A:༥༢༥]པའི་ནང་དུ་རྨོར་ནས་བཏེག་སྟ་ར་བ་སྨད་དུ་བསྡད། གཞུང་ཤག་ནས་ཕལ་ཆེར་དང་གྲྭ་པ་ཕལ་ཆེར་གྱི་ཇ་སྟིར་དང་མཇལ་དར་བཅས་འཕྲད་པར་ཕེབ། ཚོགས་ལ་མང་ཇ་དང་སྤོང་འཐག་གི་འགྱེད་བཅས་ཕུལ། དེ་ནས་ཞག་བདུན་ཐོག་ཤིང་མང་དགོན་དུ་སླེབ། ཀྱེ་རྡོར་གྱི་སྒོ་ནས་ལམ་སྟོན་མེ་མཆོད་སོགས་རྒྱས་པར་བྱས་ཤིང༌། གྲངས་བཅད་ཀྱིས་གྲྭ་པ་རྣམས་ལ་ཀྱེ་རྡོར་རྒྱུ་དབང༌། མཁའ་སྤྱོད་མའི་བྱིན་རླབས་དང་ཁྲིད། ཀུན་རིག་གི་དབང་སོགས་བགྱིས་ཤིང༌། འབྲུམ་པས་ལྔ་ལམ་དུ་སོང་བ་མང་བའི་སྟབས་བསྔོ་བྱང་བག་མེད་དུ་བྱེད་དགོས་བྱུང༌། གྲྭ་པ་དང་སྦྱིན་བདག་ཆེ་ཕྲ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ས་མཚམས་ཀྱི་དགོན་པར་སོང་བ་དང་བཅས་ས་སྐྱ་པའི་བསྟན་ལར་བསམས་པའི་ཁུར་ལེན་བྱེད་དགོས་ཞེས་ལྷོ་བྲག་པའི་ཨུ་ཚུགས་གཙོ་བོར་གྱུར་པ་ནན་ཆེ་གཤིས་རེ་ཞིག་ཁས་ལེན་མི་བྱེད་ཁ་མེད་ལྟ་བུ་བྱུང་ཞིང༌། རང་གི་རོགས་གཉིས་ཀྱིས་ཀྱང་རེ་ཞིག་ཁས་ལེན་བྱེད་དགོས་འོང་འདྲ་ཟེར་བ་བཅས་ཟླ་བ་བཅུ་པའི་ཚེས་བཅུ་གཉིས་ཀྱི་ཉིན་གཟའ་ཚེས་བཟང་པོ་ཡོད་སྟབས་བླ་བྲང་གི་རྩིས་ལེན་དང༌། དེ་ཉིན་སྡེ་པ་མདོ་མཁར་བ། འགག་ཆོས་སྡེ་བ། སྦྱིན་བདག་སོ་སོ། གྲྭ་དམངས་བཅས་པའི་འབུལ་ཚན་བསྙེན་བཀུར་དཔག་མེད་དང་བཅས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རིགས་ཆེན་པོས་བྱིན་གྱིས་བརླབས་པའི་ཁྲི་ཐོག་ཏུ་ཁྲི་འདོན་རྒྱས་པ། སང་ཉིན་སྐྱ་སེར་གྱི་ཁྲོམ་ཆེ་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། ཁྱོན་ཞག་བཅོ་ལྔ་སྐོར་བསྡད། ཐོན་དབང་གི་དུས་འོང་བའི་ཁས་ལེན་བྱས། སྤྱིར་སྒེར་ཐམས་ཅད་ནས་ལྷོ་ཟོག་གཙོར་གྱུར་གྱི་ཟང་ཟིང་གི་འབུལ་ནོད་དཔག་མེད་དང༌། ཁྱད་