R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༢༧
[A:༥༢༧]ཕོག་ལ་དན་ཁ་འཁྱོལ་བའི་ངེས་བྱུང་ནས་ཚེས་བཅུ་དགུ་ཚུན་ལ་འོང་བའི་དན་ཁ་བྱས། དེ་འཕྲལ་སྤྱི་ཐམ་བང་ཕྱེན་བཅས་བྱུང་སྟབས་ཕྱི་མ་ལོ་ནག་ཏུ་སོང་གཤིས་ཉི་ལྡོག་གི་གོང་ནས་འཁོད་པ་དགོས་ཚུལ་ལྟར་ཚེས་བཅུ་གཉིས་ལའང་གནས་ནས་ཐོན་པས་རྨོར་པ། སྤྱི་པ། དབུ་ཆོས། སྡེ་པ། སྟར་གདོང་པའི་སྐུ་ཚབ། ངེད་རང་གི་ནུ་བོ་སོགས་ཀྱིས་རྟ་སྐྱེལ་བ་བཅས་ར་བ་སྨད་དུ་ཆོས་སྐྱོང་ཆེན་པོ་སྤྱན་འདྲེན་ཞུས་འཕྲལ་ཕུགས་ཀྱི་ལུང་བསྟན་མང་དུ་སྩལ། དེ་ནུབ་དོལ་ལྕེ་སྡེ་ཞོལ་དུ་བསྡད། ཆོས་སྡེའི་སྔ་འགྲོས་པ་རྟ་པ་གཉིས་ཀྱང་འབྱོར། སང་ཉིན་སྔ་བར་བཏེག །བཅུར་དུ་གུང་ཚིགས་བྱས། དེ་ནུབ་གྲ་ཕྱི་ཚོར་འདུས་ཀུན་རར་བསྡད། མཁན་པོ་འཇམ་དཔལ་གྲགས་པར་ཀུན་རིག་གི་དབང་དང༌། གུར་ལྷ་བརྒྱད་ཀྱི་རྗེས་གནང་བྱས། གྲྭ་པ་ཕལ་ཆེར་ནས་ཇ་སྟིར་རྒྱུག །མཇལ་དར་སོགས་བྱུང༌། སང་ཞོགས་མཁན་པོའི་སྐུ་ཚབ་སོག་པོ་ངག་དབང་བསྟན་འཛིན་ཡང་བསྐོ་འཇའ་གཏོང་བ་དང་ཆིབས་སྐྱེལ་སྦྲགས་ཡོད། གླིང་ཁར་གུང་ཚིགས་བྱས་ཐོན། བྱར་གྱི་མདར་ནང་སོ་དམ་ཆོས་རིན་ཆེན་ཡང་ཇ་བཅས་བྱུང༌། ཆོས་སྡེ་ནས་དགེ་སློང་བློ་ཤེས་དང༌། གཉེར་པ་ནང་སོ་ཀུན་དགའ་བསོད་ནམས་དཔོན་གཡོག་གསུམ་བྱ་མདར་གསོལ་ཇ་བཅས་བསུ་བར་འབྱོར། དེ་ནུབ་བྱ་ས་ལྷ་ཁང་དུ་བསྡད། ཐབ་བསུ་དཀར་སྤྲོ་རྒྱས་པར་འདུག །སྒེར་པ་བླ་བྲང་ནས་རྗེ་དྲུང་རིན་པོ་ཆེའང་ཕེབ། གསུང་གླེང་བག་ཕེབ་པར་བྱུང༌། དེའི་སང་ཉིན་ཆོས་སྡེར་ཉི་དྲོས་ལ་འབྱོར་དགོས་ཁྱད་ནམ་མ་ལངས་གོང་དུ་ཆིབས་བསུ་ཞབས་དྲུང་ཨོ་སྒྲོན་ལགས། ཁེ་གསུམ་ཆོས་མཛད་ལུང་རིག །