[A:༤༥༨]ཙམ་བློ་ལ་ཡོད་ཅིང༌། ཕ་དྲིན་ཆེན་དེས་ཉིན་བསྟར་ཀྱེ་རྡོར་རྒྱུད་གསུམ་གྱི་ཀློག་ཁྲོལ་དང༌། སྔ་དགོང་སྒྲིག་ལྟར་གྱིས་རྒྱུད་དང་ཆོས་སྤྱོད་ཆག་མེད་དུ་བྱེད་པ་སོགས་ལས་ཐ་མལ་དུ་ལུས་མ་བཅུག་པས་དེ་དུས་ནི་ཁག་སྦྱོང་ཆེ་བར་བྱུང་ཀྱང་དེང་སང་དབུ་ཤར་གང་ལའང་མ་ཐོགས་ཙམ་འོང་བ་འདི་གཅིག་པུའི་དྲིན་ལའང་བསམ་ལས་འདས། ལོ་དེ་ནང་དུ་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ཀྱེ་རྡོར་མན་ངག་རྣམ་བཤད་དཔེ་འཛིན་གྱི་ཐོག་ནས་འགྲིལ། ཟླ་བ་བཅུ་གཉིས་པའི་ནང་དུ་ཀུན་མཁྱེན་རོང་སྟོན་ཆེན་པོ་དང༌། རྗེ་གྲགས་འབྱོར་ཤེས་རབ་སོགས་ཀྱིས་གདན་ས་སྨོན་དགའ་རིན་ཆེན་བསམ་གཏན་གླིང་གི་དགོན་གནས་དམ་པར་ཕྱིན། དྲིན་ཅན་ཕ་མ་རྣམས་ཀྱིས་གྲལ་སྟོན་སོགས་རྒྱས་པར་མཛད། བྱིས་པ་ཧམས་ཅན་ཞིག་ཡིན་པས་ཚོགས་ཀྱི་དབུས་སུ་རྩེ་ཞྭ་ཕྲག་ལ་བཞག །ལངས་ནས་ཀྱེ་རྡོར་རྣམ་བཤད་མ་རྫོགས་བར་ཉིན་བསྟར་ཚོགས་པ་ཇ་ཐུག་མཆོད་པའི་གསེང་ཐམས་ཅད་ལ་སྐད་ཆེ་བར་བཏོན་པས་གྲྭ་པ་ཐམས་ཅད་དགྱེས་རྩེར་སོན། གྲལ་གོང་དུ་གདན་བཟོས་དང་བཅས་སྐྱེལ་བར་མཛད། ངེད་རང་གི་
ཀུན་དགའ་ཆོས་འཕེལ་
ཞང་པོ་བླ་མ་ཡིན་ཅིང་བརྩེ་བར་ཡོད་པས་འཕགས་པའི་གསེར་སྐུ་ཞིག་དང༌། ངོར་ཆེན་གྱི་བྲིས་སྐུ་ཕྱག་ནས་མ་འཁྲུལ་མེད་སོགས་སྟེར་བར་མཛད་བྱུང༌། དེ་ནས་བླ་བྲང་དུ་ཞང་པོའི་རྩར་བཅར་སྡོད་བྱས། ན་སོ་གཞོན་ཀྱང་ཕ་མ་སོགས་དྲན་པ་དང་སྡོད་མི་ཚུགས་པ་མ་བྱུང༌། རང་ལོ་དགུ་པར་རྨོར་གྱི་དབུ་མཛད་ཀུན་དགའ་དཔལ་ལྡན་སར་གནས་ཀྱི་སློབ་དཔོན་ཞུས། ཐོག་མར་ཀུན་རིག་གཞན་ཕན་མཐའ་ཡས་བློ་འཛིན་བྱས་ནས་ཕྱག་ལེན་ཕྲ་རགས་ཐམས་ཅད་ལ་ཕྱག་ཁྲིད་མཐའ་ཆོད་པ། དེ་ནས་རིམ་གྱིས་སྟོང་ར་ཆོས་རྗེ་ཀུན་དགའ་ལེགས་