[A:༥༣༡]སྐྱེས་བཅས་དྲུག་ལ་ཟ་ཡོན་ཚོན་སོགས་ཀྱི་རྩིས་ཞིབ་པར་ཆོས་མཛད་ལུང་རིགས་སོགས་ཀྱིས་བརྒྱབས་ནས་ཁྱོན་ནས་ཁལ་ཕྱེད་སུམ་བརྒྱ་ཐོབ་འདུག་གསུང་བར། དེས་ན་ཕྱག་བྲིས་ཀྱང་རུང་བར་མཛད་རོགས་མཛོད་ཞུས་ནས་ཁལ་སུམ་བརྒྱ་རང་སྤྲོད། ཟླ་བ་དགུ་པ་ཚུན་ལ་གྲུབ་པར་བྱས། སྔར་རྒྱན་དྲུག །མཆོག་གཉིས། མཁན་སློབ་ཆོས་གསུམ་སོགས་ཧལ་ཚོན་ཡོད་པར་ཨར་ཆོག་ཕུལ། ནུབ་ངོས་ཀྱི་སྐྱ་ལ་སྟོན་པ་བདེ་བར་གཤེགས་པ་ལ་རྒྱན་དྲུག །མཆོག་གཉིས། མཁན་སློབ་ཆོས་གསུམ། རྗེ་བཙུན་གོང་མ་ལྔ། རྣམ་སྲས་སྙན་གྲགས་སྒྲུབ་སོགས་ཚོན་ཚོགས་གཟབས་བྲིས། ཐུབ་པའི་དབང་པོའི་སྐུ་ཤ་གྲང་གསེར་བཅས་འདི་ལོ་གྲུབ། པྲ་རྩིའང་བླ་བྲང་ནས་ཕུལ། དེ་ནས་སྒེར་པར་མར་ལམ་ཞག་ཉི་ཤུ་སྐོར་བསྡད། སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། ཚེ་དཔག་མེད་ལྷ་དགུ། མི་འཁྲུགས་པ་ལྷ་དགུ། ཀུན་རིག་སོགས་དབང་ལུང་རྗེས་གནང་མང་བར་ཕུལ། དེ་ནས་གྲྭ་ཕྱི་སྨིན་གླིང་དུ་ཆོས་རྒྱལ་གཏེར་བདག་གླིང་པ་མཇལ་བར་ཕྱིན། ཤིན་ཏུ་དགྱེས་པའི་བདག་རྐྱེན་ཆེ་བར་གནང༌། གྲྭ་པ་མངོན་ཤེས་ཀྱི་གཏེར་མའི་ཛམ་དམར་གྱི་རྗེས་གནང༌། དེ་སྐོར་གྱི་ལུང་བཅས་བཀའ་དྲིན་བསྐྱངས། སླར་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང༌། བོང་ཞལ་ཅན་སོགས་ཆོས་བཀའ་མང་ཙམ་ཅིས་ཀྱང་ཞུ་དགོས་འདུག་པས་ཐུགས་ལ་གཞུག་དགོས་ཞེས་བཀའ་གནང༌། གནང་སྦྱིན་ཀྱང་དཔེ་མེད་འདུག །དེ་ནུབ་མགར་རྩར་བསྐད། དེ་ནས་རང་གནས་སུ་འབྱོར། རེ་ཞིག་ཁམས་བསོས། དེ་ནས་ར་བ་སྨད་དུ་སྐུ་རྟེན་པས་གནས་བཅུ་གསར་བཞེངས་གནང་བར་གཟུངས་འབུལ་ལ་ཕྱིན། ཞག་གསུམ་འགོར། ཆོས་སྐྱོང་ཐོག་འབེབས་སུ་ཕེབ། དགྱེས་པའི་ལུང་བསྟན་མང་པོ་གནས། རྡོ་སྟེགས་མགོར་སྐྱེལ་བར་ཕེབ། འདི་ལོ་ཤིང་མང་དགོན་པའི་ཚོགས་དུང་ལ་སྤྲུལ་སྐུ་ཟངས་