[A:༥༣༠]བརྒྱུད་སྒེར་པ་གྲུབ་ཁར་རྗེ་དབོན་རིན་པོ་ཆེ་དང༌། སྡེ་པ་རྒྱལ་ཕྲུག་རབ་འབྱམས་པ། རབ་འབྱམས་པ་ངག་དབང་བསྟན་འཕེལ། ཆོས་སྡེ་ནས་གེ་རེ་ཆེ་ཆོས་མཛད་ལགས་སོགས་བདུན་གྲུ་ཁར་ཕེབ། ཡར་ལམ་སྒེར་པ་བླ་བྲང་དུ་ཤོག་གནང་བར་གུང་ཚིགས་རྒྱས་པར་སྩལ། དེ་ནས་ཆོས་སྡེར་འབྱོར་པས་དུང་རྒྱ་གླིང་དང༌། གྲྭ་དམངས་འོབས་སྟེང་དུ་བསུ་བར་ཕེབ་འདུག །འདི་ལོ་བཀའ་འགྱུར་བ་ངག་དབང་རབ་བརྟན་ལགས། ཤིང་མང་དཔོན་སློབ་སངས་རྒྱས་རྒྱལ་མཚན། རྡོ་རྗེ་སློབ་དཔོན་ཆོས་གྲགས་ལགས། བློ་ཤེས་ལགས་སོགས་ལ་མགོན་པོད་མེ་འབར་མ། མཁའ་སྤྱོད་མའི་བེའུ་བུམ་སོགས་ཀྱི་ལུང༌། བླ་མ་ལྷ་ཁང་དུ་གོང་སྟེང་དུ་དགེ་སློང་ཡེ་ཤེས་སོགས་བགྲེས་པ་རྣམས་ལ་གུར་གྱི་དབང་གྲངས་བཅད་དང༌། སྲུང་འཁོར་བྲག་རྫོང་མའི་ཁྲིད་ཤིན་ཏུ་སྨིན་པ་ཕུལ། མཆོག་མང་གྲོལ་ནས་བསྙེན་གནས་མ་རྣམས་ཀྱིས་དབང་གཞི་སྟེགས་པས་བླ་གཡེལ་མཐིལ་དུ་ཁྲོམ་ཤིན་ཏུ་ཆེ་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཞིས་བྱས། དེ་དུས་ནམ་མཁའ་ལ་འཇའ་གུར་ཡ་མཚན་པ་ཆོས་སྡེ་རང་གི་ཐོག་ཏུ་འདུག་ཅེས་གླེང༌། རང་ཉིད་ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་ལ་མོས་པ་དཔག་མེད་ཡོད་པའི་སྟེང་དུ། དེ་སྔ་འོང་དུས་ནས་གྲྭ་པ་སྒྲེས་པ་ཐམས་ཅད་ཞལ་རས་ལྷ་ཁང་དུ་ཚར་ཆེན་བླ་མའི་རྟོགས་བརྗོད་ཅིག་བྱུང་ན་ཞེས་ཡང་ཡང་གསུངས་པར་ཡོད་པ་དེ་སེམས་ལ་བཞག་ནས། འདི་ལོ་དགེ་སློང་ཀུན་དགའ་རྒྱ་མཚོ། ནང་སོ་ཀུན་དགའ་བསོད་ནམས། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ། ཕྲིན་ལས་རྒྱ་མཚོ། ངག་དབང་བློ་མཆོག་བཅས་ཆོས་སྡེ་ནང་གི་བྲིས་པ་ལྔ། ཞོལ་ནས་ནང་སོ་བློ་བཟང་ཡར་