[A:༥༣༢]བཟོ་བ་བོས། དུང་གཤོག་དངུལ་སྲང་ཉི་ཤུ་རྩ་གཉིས་ལས་གྲུབ་པའི་འབུལ་སོགས་ལེགས་པ་ཆ། དུང་གཡོག་གཉིས་ལ་ཞོར་དུ་རག་གཤོག་བསྐྱོན། ཤིང་མང་གྲྭ་པ་རྣམས་ཀྱིས་ཚོགས་དུང་འདི་གཤོག་པ་བཞེས་ཀྱིན་མེད་ཟེར་འདུག་ཀྱང༌། བཞེས་དྲག་སོང༌། དུང་གོས་ཀྱང་གོས་བཟང་བསྒྲིགས། དུང་མཇུག་ཏུ་གོས་ཆེན་གྱི་རྒྱལ་མཚན་ཆ་བཅས་གྲུབ། ཟླ་བ་དྲུག་པའི་ནང་ལྷོ་བྲག་ཏུ་བཏེག །ལམ་ཞག་བདུན་འགོར། འདི་ལོ་ཁྲོམ་ཤིན་ཏུ་ཆེ་བར་ཐོན། དབང༌། གཏོར་བཟློག་སྔར་རྒྱུན་ལྟར་བྱས། གདན་ས་ནས་སྙན་བརྒྱུད་ཁ་སྐོང་པུསྟི་གཡར་པོ་ཞུས་པའི་བཀའ་བཅུ་ཀུན་དགའ་བསམ་འགྲུབ་ཀྱིས་འདི་ལོ་སྙན་བརྒྱུད་པུསྟི་ཤོག་གྲངས་བདུན་བརྒྱ་ལྷག་པ་སྤུས་དག་པ་གླེགས་ཤིང་ན་བཟའ་ཆ་ཚང་བཅས་བཞེངས། ཟླ་བ་ཕྱེད་གསུམ་ཙམ་བསྡད། ཚོགས་དུང་ཞལ་བསྲོར་བླ་བྲང་ནས་མང་ཇ། གསོལ་གྲོ། བཀྲས་བཏགས་ཀྱི་འགྱེད། དུང་དར་ལེགས་པ། སྤོས་ལྡོང་གསེར་ཤོག་མ་ཆ། རག་ཤན་མ་ཆ། རག་གི་རྐང་དུང་གཟུགས་ཆ་བཅས་ཕུལ། དཀར་རྒྱ་ནས་ལེགས་སོ་རིགས་གསུམ་མགོན་པོའི་སྐུ། གོ་ཁྲབ་སོགས་དང༌། བློ་གསལ་བློ་ལྡན་གཉིས་དཔའ་དར་བཅས་གནང༌། རིགས་གསུམ་མགོན་པོའི་སྐུ་ཕར་ཕུལ། སྤྱི་སོ་གྲྭ་དམངས་སོགས་ནས་དྲིན་གསོར་མར་སྲང་རྒྱའི་ཁལ་བརྒྱར་ཉེ་བ་སོགས་དཔེ་མེད་བྱུང༌། ཚུར་ལམ་ཁལ་མ་ཉི་ཤུ་རྩ་འདྲེན་གྱི་སྐྱེལ་མ་བཅས་ཞག་དགུ་སོང༌། ར་བ་སྨད་དུ་མང་ཇ་རྒྱས་པར་ཞུས། དེ་ནས་རང་གནས་སུ་འབྱོར། ཟླ་བ་དགུ་པའི་ནང་དུ་བསམ་ཡས་རབ་བྱུང་པ་དཔོན་སློབ་རྣམས་ཀྱིས་འོང་དགོས་ཚུལ་གནང་བ་ལྟར་ཁས་ལེན་ཞུས་ནས་གཟའ་ཚེས་དགེ་བར་བཏེག །རྡོ་རྗེ་བྲག་ཏུ་རིག་འཛིན་