[A:༥༣༥]བཞི་པའི་ཚེས་གཅིག་ལ་བློ་ལྡན་ཁྲིད་ནས་ལྷ་སར་ཐོན། ཤིང་བྱ་འདུ་ཁང་ཞིག་རལ་ཤིན་ཏུ་ཆེས་པའི་མགོན་ཁང་སོགས་གྲུལ་ཐུབ་མེད་གཤིས་ཨེ་པ་སྤྲུལ་སྐུ་ལྔ་བོས་རྒྱ་བོད་ཀྱི་གནས་ཆེན་དུ་མའི་ས་སྣ། རྡོ་སྣ། ཁྱད་པར་དཔལ་ལྡན་ས་སྐྱའི་ལྷ་ཁང་ཐམས་ཅད་ཀྱི་ས་སྣ། རྟེན་འདམ་དཔེ་བྲལ་སོགས་དང༌། གཞན་ཡང་རིན་པོ་ཆེ་སྣ་ལྔ། སྨན་ལྔ། འབྲུ་ལྔ། དྲི་ལྔ། དར་ཟབ་སོགས་བསྲེས་པའི་འཇིམ་པ་བྱིན་བརླབས་བགྱིས་པར་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་བརྙན་མི་ཚད་ལྷག་པ། སྟོབས་འཕྲོག་བྲམ་ཟེའི་གཟུགས་ཅན་དང༌། དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མའི་སྐུ་བརྙན་མི་ཚད་ཙམ་བཞེངས་པར། ཐོག་མར་འཇིམ་པ། བཟོ་བོ། ལག་ཆ་རྣམས་བྱིན་གྱིས་བརླབས། བཟོ་བོ་རྣམས་ལ་ཀྱེ་རྡོར་གྱི་དབང་དང༌། གུར་ལྷ་བརྒྱད་ཀྱི་རྗེས་གནང་བགྱིས། རུ་ཤིང་མི་བསད་པའི་རོ་བསྲེགས་པའི་སྡོང་དུམ་ལས་བཟོས། ཞབས་རྐང་གཉིས་ལ་དྲག་ཤིང་ལ་ཕུར་པའི་གཟུགས་ལ་བོད་རྦད་གསད་གསུམ་མན་ངག་ལྟར་བྲིས་པ། མི་གསད་ཀྱི་གྲི་ཁུངས་མ་ལས་བརྡུངས་པའི་ལྕགས་མདའ་དང༌། ཐུགས་ཀར་གྲི་སྙིང་འཁོར་ལོ་བཅས་པ། ལྕགས་ཀྱི་རྡོ་རྗེ་སོགས་ཚད་ལྡན་མན་ངག་ལྟར་རུང་བར་བགྱིས། མགོན་ཆེན་གྱི་ཐུགས་ཀར་མགོན་པོད་མེ་འབར་མའི་པུསྟི། མགོན་པོའི་དཀྱིལ་ཐང་གཅིག་རྣམས་བཞུགས། །ཞབས་འོག་ཏུ་ལིངྒ་སྔགས་ཅན་མན་ངག་ལྟར་བྲིས་པ་ལ་བསྟན་པའི་སྤྱི་དགྲ་མནན་པའི་སྤེལ་ཚིག་སོགས་ཆེ་ཕྲ་ཐམས་ཅད་སླ་བཅོས་སུ་མ་སོང་བར་རུུ་ང་བ་ལྷ་སར་མ་འགྲོ་གོང་དུ་བགྱིས་ནས། བློ་གསལ་གྱིས་དོ་དམ་བྱས་པས་