[A:༥༣༦]ཞག་ཉི་ཤུ་རྩ་བདུན་སྐོར་ལ་སྔར་གྱི་སྐུ་གསུམ་གྱི་སྟེང་དུ་གཟིམས་ཆུང་མགོན་ཁང་དུ་གུར་མགོན་མདའ་ཚད་ཙམ་དང༌། པུ་ཏྲ་དང་བེག་ཙེ་ཁྲུ་གང་ལྷག་ཙམ་བཅས་ལེགས་པར་གྲུབ། ངེད་ཀྱིས་ཐོག་མར་གཞུང་སའི་ཞབས་བརྟན། དེ་ནས་སྡེ་པ་ཟུར་ཁང་སོགས་སོ་སོའི་ཐུགས་བཞེད་དང་བསྟུན་པའི་དབང༌། རྗེས་གནང༌། གདོན་དགྲོལ་གང་ལ་ཅི་འཚམས་བར་མེད་དུ་བགྱིས་ནས་རང་གནས་སུ་འབྱོར། སྟོང་འཁོར་ཞབས་དྲུང་གི་གྲྭ་ས་སེ་ར་རབ་འབྱམས་པ་བློ་གྲོས་ལ་དགྱེས་རྡོར་གྱི་དབང༌། མཁའ་སྤྱོད་མའི་བྱིན་རླབས་དང་ཁྲིད། གུར་ཞལ་གྱི་རྗེས་གནང་སོགས་མང་བར་བགྱིས། གཟའ་ཚེས་དགེ་བར་མགོན་ཁང་ལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བའི་རབ་གནས་གཉུག་མར་གནས་པ་རྣམས་དང་ལྷན་ཅིག་ཏུ་ངོར་པའི་ཕྱག་ལེན་སོར་བཞག་རྒྱས་པ་དང༌། ངེད་རང་ཁའུ་བྲག་རྫོང་པའི་བརྒྱུད་འཛིན་འདྲ་ཡིན་གཤིས་དམ་པའི་ཤོག་དྲིལ་དང༌། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་སྔགས་འཆང་མགུལ་རྒྱན། ཁྱབ་བདག་བཀའ་འགྱུར་བའི་གསལ་བའི་མེ་ལོང་སྟེང་ནས་སློབ་བཤད་པའི་ཕྱག་ལེན་ལྟར་ཐུན་མོང་མ་ཡིན་པའི་ཞག་བདུན་མ་རྒྱས་པར་བྱས། འདི་དག་ལ་གཙོ་བོར་སྙན་བརྒྱུད་འབའ་ཞིག་ལ་ལྟོས་དགོས་ཡོད་པས་སྙན་བརྒྱུད་པུསྟི་དང་ཁ་སྐོང་པུསྟི་ལ་ཞིབ་ཏུ་དཔྱད། ཞལ་བསྲོའི་སྟོན་མོའང་རྒྱས་པར་བྱུང་སོང༌། པོ་ཊ་ལ་ནས་རིན་ཆེན་ཟླ་བ། མཁྱེན་རབ་ལགས། བློ་མཁར་ནས་རྣམས་ཕེབ་པར་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཁྲིད་སོགས་རྒྱས་པར་ཕུལ། ཟླ་བ་བཅུ་པར་ཡར་ཀླུངས་སུ་ཕྱིན། གཏོར་བཟློག་དང༌། སྐུ་མཆོད་ཆེན་མོའི་ཀྱེ་རྡོར་སྒྲུབ་མཆོད་སོགས་