[A:༥༣༤]བར་ཕྱིན། ལྐོག་གྱུར་གྱི་ལུང་བསྟན་ཡིད་ཆེས་པ་མང་པོ་སྩལ། བར་བར་དུ་བསྲང་མདོ་བ། མཆོད་རྟེན་དཀར་པོ་སོགས་སུ་ཚེ་དབང་བྱེད་པར་ཕྱིན། གསུང་ངག་གྲོལ་ནས་སྒྲ་བསྒྱུར་རྒྱ་གར་དུ་གླིང་དུ་སྐྱ་སེར་གྱི་འདུས་པ་ཤིན་ཏུ་ཆེ་བར་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པ་ཕབ། འོན་ཀྱང་ཇོ་བོ་ཆེན་པོས་སེམས་བསྐྱེད་གནང་བའི་གཏམ་རྒྱུད་དང་འདྲ་བ་ནི་མི་འོང་ལས་ཆེ། གྲོལ་དབང་དུ་བར་ཁང་གཡུ་ཞལ་སྟེང་དུ་སྐྱ་སེར་ཤིན་ཏུ་མང་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་རྒྱས་པར་བྱས་ཤིང༌། སྔ་ཕྱི་ཐམས་ཅད་དུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་བྱ་བ་བྱས་སྙམ་དུ་དགའ་སྤྲོ་ཆེ་བར་བྱུང༌། ཟང་ཟིང་གི་རྙེད་པ་ནི་ཤིན་ཏུ་ཆེ། འདི་ལམ་འབྲས་འཆད་ཐེངས་དྲུག་པ་ཡིན། ལྷ་ཁང་ཐམས་ཅད་རྒྱས་པར་མཇལ་ཞིང་བསྟན་པ་རྒྱས་པའི་སྨོན་ལམ་ནན་ཏན་དུ་བཏབ། དེ་ནས་རབ་བྱུང་བའི་སྒྲེས་པ་མང་བའི་ཆིབས་སྐྱེལ་དང་བཅས་ཐོན་འོང༌། ཁོང་དཔོན་སློབ་ཟུར་མཁར་ནས་ཕྱིར་ཕེབ། དེ་ནུབ་སྒྲགས་མདར་སླེབས་ནས་གནས་ཚང་ལྡིང་དཔོན་གྱི་དེར་ཚེ་དབང་དང་ཞི་བའི་སྦྱིན་སྲེག་སོགས་ཀྱིས་ཞག་གཉིས་འགོར། དེ་ནས་རྡོ་རྗེ་བྲག་ཏུ་ཕ་རིག་འཛིན་ཆེན་པོར་མཇལ་ཕྱག་ཞུས། ཐུགས་དགྱེས་པའི་བཀའ་སློབ་མང་དུ་སྩལ། རིམ་གྱིས་རང་གནས་སུ་འབྱོར། རེ་ཞིག་ངལ་བསོས། དེ་ནས་ཟླ་བ་གཉིས་པའི་ནང་དུ་ཡར་ཀླུངས་སུ་ཕྱིན། ཞག་བཅོ་ལྔ་སྐོར་བསྡད། འདི་ལོ་ཆོས་སྡེ་བ་ཞབས་བརྟན་འབུལ་བའི་ཁྱད་ནས་ཆོག་མང་ཡང་འགྱང་གཤིས་ཡར་འོང༌། ཁ་སྐོང་པུསྟི་ཤོག་གྲངས་བདུན་བརྒྱ་ལྷག་པ་བཀའ་བཅུ་ཀུན་དགའ་བསམ་གྲུབ་ཀྱིས་ཕྱག་བྲིས་སྤུས་གཙང་བ། གླེགས་ཤིང་ན་བཟའ་ཕྱི་ནང་སོགས་དངོས་གཙང་བ་གྲུབ། ཟླ་བ་