R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༣༩
[A:༥༣༩] བརྟན་མཁས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མ་མཆིས་ཀྱང་བསྙེན་པར་རྫོགས་ནས་ལོ་བཅུ་སོང་ཞིང༌། ཕྲ་རགས་ཀྱི་བཅས་པ་རྣམས་ཀྱང་ངོ་ལྐོག་མེད་པར་རང་ཞེ་མི་ཁྲེལ་ཙམ་ཡོད་པ་ནས། ངེད་རང་གིས་མཁན་པོ། བཀའ་འགྱུར་བ་ངག་དབང་རབ་བརྟན་ལགས་ཀྱིས་ལས་སློབ། རི་བོ་ཆོས་གླིང་པ་དགེ་སློང་བཀྲ་ཤིས་ལགས་ཀྱིས་གསང་སྟོན། དགེ་སློང་ཆོས་གྲགས་ལགས་ཀྱིས་དུས་བསྒོ་བ། དགེ་སློང་རིན་ཆེན་རྒྱལ་མཚན་དང༌། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཁ་སྐོང་གནང་ནས། ད་ལྟའི་དྭགས་པོ་གྲྭ་ཚང་གི་བླ་མ་ཟུར་པ། གྲྭ་ཕྱི་ཚོགས་དབུ་མཛད་ཀུན་ལྡན་སོགས་སྒྲུབ་ཁག་གཉིས་ལ་དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་བར་སླ་ཆོས་སུ་མ་སོང་བར་ཕ་རིག་འཛིན་ཆེན་པོས་ཐུབ་བསྟན་ཆོས་འཁོར་རྣམ་པར་རྒྱལ་བའི་གླིང་དུ་གནང་བའི་ཕྱག་ལེན་ལྟར་བགྱིས། ཆོག་མང་ནས་ཡར་ལམ་སྨིན་གྲོལ་གླིང་དུ་ཆོས་རྒྱལ་གཏེར་བདག་གླིང་པར་དཔྱལ་ཕག་སྐོར་གསུམ་གྱི་བྱིན་རླབས་ལུང་བཅས་དང༌། ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་རྒྱས་པར་ཕུལ། གནང་སྐྱེས་རྒྱས་པར་སྩལ་ནས་རང་གནས་སུ་འབྱོར། གསང་ཕུ་དབྱར་ཆོས་དུས་ཚོགས་ཆེན་ལ་མང་ཇ་ཉིས་སྦྲེལ། ཁྲི་སྟོད་སྨད་ཀྱིས་དབུས་བླ་མ་རྣམས་ལ་བསྔོ་རྟེན་སྣེ་གཞག་གཟབས་པ། ར་བ་སྨད་གྲྭ་ཚང་དུ་གྲྭ་ཇ་ཞུ་བར་བློ་ལྡན་གྱིས་ཕྱིན། འདི་ལོ་ནས་བཟུང་ལོ་བསྟར་སྐབས་རེར་མང་ཇ་བཞི་ནས་རེ་མའི་བར་ཆག་མེད་ཞུས་ཡོད། དེ་ནས་ལྷོ་བྲག་ཏུ་བཏེག་ཐོན། དབང་སོགས་སྔར་འཁྱུད་ལྟར་བྱས། མགོན་པོ་གྲི་གུག་དང་འདོད་ཁམས་མའི་སྐུ་བྲིས་པའི་རྒྱ་ཟམ་སྔོན་པོའི་ཕྱར་དར་གོང་ས་སྒྲོག་གདན་གོས་ཆེན་གྱིས་བྱས་པ་ཆེ་ལེགས་སུ་ཕུལ། མདོ་