[A:༥༣༨]པ་ཡབ་སྲས། རི་བོ་བདེ་ཆེན་པ་བརྒྱད། དར་རྒྱས་གླིང་པ་བཞི་བཅུ། ཇོ་བསྟན་ཚོགས་པ་བཅུ་གཉིས། རི་བོ་ཆོས་གླིང་པ་ཉི་ཤུ། བན་ཚང་པ་གཉིས། རྩེས་དོང་ལྔ་མཆོད་པ་ལྔ། འབྲས་བུ་གླིང་པ་ཁ་ཤས། ཆོས་ལམ་རིམ་པ་གཉིས། རྡོ་དག་རྣམ་རྒྱལ་བ་དྲུག །བྱེ་རྫིང་ཚོགས་པ་བཞི། རྒྱ་མ་སྐུ་སྐྱེ་མཁྱེན་རབ། ཕྲིན་ལས་རྒྱ་མཚོ་དང༌། བཀའ་ཀུན་རབ་གཉིས། གཉུག་མར་གནས་པ་ཡོངས་རྫོགས། ཡས་མས་ཀྱི་སྐྱེས་ཕོ་མོའི་ཚོགས་ཤིན་ཏུ་མང་བ་ཁྱོན་ལྔ་བརྒྱ་བརྒལ་བར་གྲུབ་པའི་སློབ་དཔོན་ཆེན་པོ་ཨ་བྷཱ་ཡ་ཀ་རའི་བཞེད་སྲོལ་དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས། སློབ་དཔོན་དརྤན་ཨ་ཙཱརྱའི་བཞེད་པ་ཀྲྀ་ཡ་ས་མུཉྩའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ་ཞེ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པའི་དཀྱིལ་ཆོག་རྡོར་ཕྲེང༌། མཛེས་རྒྱན་གྱི་སྟེང་ནས་ཕྱག་ལེན་ཕྲ་མོ་ཚུན་སླ་ཆོས་སུ་མ་སོང་བར་སྟ་གོན་ཞག་གཅིག་ཐེ་བ་ཞག་ཉེར་ལྔའི་བར་གྲུབ་པར་ཕུལ་ཞིང༌། བར་བར་དུ་མཁའ་སྤྱོད་མའི་ཁྲིད་དང༌། རྗེས་གནང་མང་བར་ཕུལ། གོང་གསལ་ཆོས་གསན་པ་རྣམས་ལ་རྒྱལ་སྲས་ཐོགས་མེད་པའི་ཡི་གེའི་སྟེང་ནས་ཀླུ་སྒྲུབ་ལུགས་ཀྱི་དབུ་མ་སེམས་བསྐྱེད་དུ་གྲགས་པ་མཆོད་པ་ཤིན་ཏུ་བཟང་ཞིང་གྱ་ནོམ་པའི་སྒོ་ནས་ཆོ་ག་བརྡ་དོན་འཕྲོད་ངེས་ཞུས་ཁུལ་ཡིན། དེ་ནས་མི་རིང་བར་གཟིམས་ཆུང་འཁོར་ཕེབས་སུ་དབོན་རིན་པོ་ཆེ་དང༌། བཀའ་འགྱུར་བ་ངག་རབ་ལགས། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ། ཆོས་སྡེའི་བགྲེས་པ་ཁ་ཤས་བཅས་ཉི་ཤུ་སྐོར་ལ་རྒྱལ་སྲས་རིན་པོ་ཆེའི་ཡིག་ཆའི་སྟེང་ནས་བྱམས་མགོན་ལུགས་སེམས་ཙམ་སེམས་བསྐྱེད་ཀྱི་སྡོམ་པ་དངོས་གཙང་བ་ཕུལ་ཏེ་བློ་ཁ་ཁེངས་པར་བྱུང་སོང༌།