R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༠
[A:༥༤༠]མཁར་རྫོང་དུ་སྡེ་པ་གཡག་རོང་བས་ཤོག་གནང་བ་ལྟར་ཕྱིན། བཀུར་བཟོས་དང་ཞབས་ཏོག་ཕུན་སུམ་ཚོགས་པ་གནང་ཞིང་སྡེ་པ་རིན་པོ་ཆེ་གཞན་དང་མ་འདྲ་བས་མཁྱེན་པ་རྒྱས་ལ་བྱིན་ཆགས་པར་འདུག །ཚེ་དབང་སོགས་དགོས་ཚུལ་གནང་བ་ལྟར་ཐོག་མར་འཆི་མེད་དཔལ་སྟེར་གྱི་དབང་བརྒྱ་ཚར། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང༌། སྨེ་བརྩེགས་དུད་ཀའི་བྱབ་ཁྲུས་རྗེས་གནང་དང་བཅས་པ། སྟག་ལུང་པའི་ཡབ་ཆོས་བུར་སྒོམ་ལུགས་ཀྱི་ཚེ་དབང་ཕུལ། ཞག་གཉིས་བསྡད། མར་ལ་རྟ་སོགས་ཀྱི་གནང་སྦྱིན་དཔག་མེད་གནང༌། དགོན་པར་སྤྱན་དྲངས། མགོ་འདྲེན་བཀའ་དྲིན་བསྐྱང་དགོས་པའི་གཉེར་གཏམ་ཞུས་པར་དགྱེས་བཞིན་དུ་ཞལ་གྱིས་བཞེས། ཐ་གདོང་གི་ཆུ་ཚན་དུ་འཕྲོད་བསྟེན་ལ་ཕྱིན། ཞག་ལྔ་བསྡད་ཅིང་མདོ་མཁར་ནས་ཤ་རྩམ་མར་སོགས་ཟུར་གསོས་གཏོས་ཆེ་བ་གནང་བར་སྔགས་འཆང་གསང་སྔགས་བསྟན་འཛིན་ཕེབ། དགོན་པར་སླེབས་ནས་ཞག་ཁ་ཤས་སོང་ཐོག་མདོ་མཁར་སྡེ་པ་ཞབས་དྲུང་རིན་པོ་ཆེ་དང༌། ཞབས་དྲུང་བློ་བཀྲས་ལགས་བཅས་ཕེབ་པར་ཞབས་ཏོག་རྒྱས་པར་ཞུས། ཕྱག་རྡོར་ཨུརྩའི་རྗེས་གནང་དགོངས་བཞེད་ལྟར་ཕུལ། གསུང་འཕྲོས་ཐུགས་ནང་དག་པ་མདོ་ཕུག་མེད་པ་གནང་ནས་ཕེབ། ཟླ་གཉིས་ལྷག་ཙམ་འགོར་ཞིང༌། བཀའ་ཀུན་དགའ་བསམ་འགྲུབ་ཀྱིས་དུད་སོལ་པུསྟི་དང་བེག་པོད་སོགས་ཕྱག་བྲིས་མཛད། དེ་ནས་ངེད་རང་རོགས་གཉིས་བཅས་གྲོས་མཐུན་དུ་ད་ཆ་ས་ཐག་རིང་བ་དང་ན་སོའི་སྟབས་བཅས་ཁ་འཛིན་འཇོག་པར་གྲོས་འཆམས་པས་གྲྭ་དམངས་ལ་རྒྱུ་མཚན་བཏང་བས་ཐོག་མར་གྲྭ་པ་ཐམས་ཅད་འདོད་པ་ཆིག་དྲིལ་གྱིས་ཨུ་ཚུགས་ཉག་བསྐྱངས་བྱུང་ཀྱང༌།