R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༡
[A:༥༤༡] ད་རེས་ཕར་ཨུ་ཚུགས་ཆེ་བར་བྱས་པས། ཅི་ནས་ཞལ་བཞེས་མ་གནང་ཕྱིན་ཕྱིའི་ལར་རྒྱ་མ་བོར་བ་དང༌། ད་ལམ་འདིར་འཕྲལ་ཕུགས་ལ་ཕན་པ་ཞིག་དགོངས་དཔྱད་ཀྱིས་བསྐོ་དགོས་གསུངས་ཀྱང༌། འདི་རིགས་ལེགས་སམ། ལེགས་ན་བཟའ་སྨད་རྒུ་ཡང་སྐྱིད། ཉེས་སམ། ཉེས་ན་གྲི་བོ་རང་ལ་འབབ། ཅེས་པའི་དཔེ་ལྟར་ལྷུས་ཐེངས་པ་རང་གལ་ཆེ་བས། བབས་འདི་དང་འདི་འདྲ་ཡོད་ཅེས་གླེང་བར། དེ་ལྟར་ན་བསམ་ཡས་རང་འཕྲོད་ངོ་ཆེ་བ་ཡོད་པས། རབ་འབྱམས་པ་སངས་རྒྱས་རྒྱལ་མཚན་རང་ལ་ཡི་གེ་བྱེད་དགོས་འདོད་པ་མཐུན་སྟབས། ངེད་རང་ནས་ཡི་གེ །སྤྱི་སོ་ནས་རབ་འབྱམས་པ་དང་རབ་བྱུང་སྤྱི་སོར་ཞུ་ཡིག་འབུལ་བར་མི་གཉིས་བཏང༌། གྲྭ་པ་སོ་སོ་ནས་དང་ངེད་ཀྱི་ཐེག་བཀའ་སྦྱིན་དབང་གིས་གོང་མ་ལྔའི་སྐུ་བཞེངས་པས་རྐྱེན་བྱས་གྲྭ་པ་སོ་སོས་འབྱོར་པ་དང་བསྟུན་པས་སྐུ་འདྲ་གཉིས་གསུམ་རེ་སོགས་སྦྱིན་བདག་བྱས། འབུར་བཟོ་བ་གཉིས་ཀྱིས་བཞེངས་པའི་སློབ་བཤད་ལུགས་ཀྱི་གསུང་ངག་ཉེ་བརྒྱུད་སྐུ་འདྲ་ཉི་ཤུ་རྩ་ལྔ། དགེ་བའི་བཤེས་གཉེན་རིགས་ཆེན་པོ། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། ཆོས་རྗེ་ཚུལ་ཁྲིམས་བྱང་ཆུབ། ཇོ་མོ་བཀྲ་ཤིས་ཚེ་རིང་མ་བཅས་མདའ་ཚད་ལྷག་པ། བླ་མ་སོ་སོའི་ཞལ་ཁྱིམ་ངེད་རང་གིས་འཇིམ་པར་བཟོས་ནས་དཔེ་བསྟན་པས་ལེགས་པར་བྱུང༌། ཚོན། པྲ་རྩི། གསེར་བཅས་བླ་བྲང་ནས་བགྱིས། གཟུངས་ཀྱང་ཁུངས་བཙུན་ཁྱད་བཀྲ་ཤིས་ཆོས་སྡེར་གྲྭ་པ་གཉིས་ཀྱིས་ཕྱིན། སྲོག་ཤིང་གཟུངས་བྱིན་རྟེན་ཐམས་ཅད་འཛོམ་པར་བྱུང་ཞིང༌། དེ་བཞིན་གཤེགས་པའི་རིང་བསྲེལ་ཡང་