R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༢
[A:༥༤༢]གསུམ་ཙམ་བཞུགས། གཟུངས་ཐམས་ཅད་ངེད་རང་གི་ལག་བདར་དུ་ཕུལ། གནོན་སྦྱིན་འཁོར་ལོའང་སྒྲུབ་པ་ཚུལ་བཞིན་བགྱིས་པས་ཞབས་བསྡོམས་ཀྱི་མཐའ་བརྟེན་པ་སྦྱོར་དངོས་རྗེས་གཙང་བྱས། གཟའ་ཚེས་དགེ་བར་འདུ་ཁང་གི་སྦུགས་ལྷ་ཁང་དུ་སྤྱན་དྲངས། གྲྭ་དམངས་ཀྱིས་ཀྱེ་རྡོ་རྗེ་མི་མཁྱེན་སྟབས་ངེད་རང་རོགས་གཉིས་བཅས་པས་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་རབ་གནས་རྒྱས་པ་ཕྱག་ལེན་དངོས་གཙང་བ་གྲུབ་ཅིང༌། རབ་སྟོན་ཡང་རྒྱས་པར་བྱུང༌། གོང་གསལ་སྐུ་འདྲ་རྣམས་སོ་སོའི་བཞེངས་ཚུལ་སོགས་རྒྱས་པར་དཀར་ཆག་ཟུར་དུ་ཡོད། ན་བཟའ་ཡང་ངེད་རང་གི་རས་བེར་ལ་གོས་ཆེན་གྱི་གོང་བ་བཅས་དང༌། སྐུ་དྲིན་ཆེ་བ་རྣམས་ལ་གོས་ཆེན་གྱི་ན་བཟའ་ཡང་འོང་བ་ཡོད། རྒྱུན་གྱི་མཆོད་པ་བླ་བྲང་ནས་ཞིང་དང་ལུག་སོགས་ཡོད་ཅིང༌། གྲྭ་པའི་ཁྲོད་ནས་ཀྱང་འབུལ་མི་བྱུང་བ་བཅས་དགའ་རབ་ཡོད་པས་ས་སྐྱ་པའི་བསྟན་པ་ལ་བྱ་བ་ཕྲན་བུ་བྱས་བསམ་སྙིང་དགའ་བའང་བྱུང༌། སྔར་ནས་ཚེས་བཅུར་དཀོན་མཆོག་སྤྱི་འདུས་གཏོང་སྲོལ་འདུག་ཅིང༌། གནས་བདག་ཚེ་རིང་མ་ཡིན་གཤིས་བསྐང་གསོ་བྱེད་པས་ཕན་སྙམ་དཀོན་མཆོག་སྤྱི་འདུས་ཀྱི་དབང༌། ཚེ་རིང་མའི་རྗེས་གནང་གྲྭ་དམངས་མི་སྐྱ་འགའ་ཞིག་བཅས་པར་བྱས། བསམ་ཡས་ནས་བང་ཕྱིན་འཁོར་བས་རབ་འབྱམས་པས་ཞལ་ལེན་དུས་འཁྱོལ་བཅས་འདུག་པས་རྩིས་སྤྲོད་སོགས་ཀྱང་ལར་རྒྱར་མི་གནོད་ཁྱད་རེ་ཞིག་གྲྭ་དམངས་རང་ལ་ཆད་མེད་དུ་ཕུལ་སྔོ་ཐོག་ནས་རྩིས་སྤྲད་ཆོག་པར་བྱས། འོང་ཁར་གྲྭ་པ་རྣམས་ལ་ཚ་ར་འགྱེད་བཅས་དང༌། གོས་བཟང་བསྒྲིགས་ཀྱི་རྟེན་ཁེབས། སྙན་དར་སོགས་སྤྱི་གཞག་ཀྱང་བྱས།