R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༥
[A:༥༤༥]མཉམ་པ། རོགས་གཉིས་ནས་ངེད་རང་གི་འདྲ་འབགས་ལམ་འབྲས་བརྒྱུད་པ་དང་མཉམ་པ་བཅས་པར་བཞུགས་ཁྲི། མདུན་ལྕོག །གོས་ཆེན་གྱི་འགན་སྦྱར། དྲིན་ཆེན་བླ་མའི་སྐུ་འདྲར་ས་ལོ་འཇམ་དཔལ་རྡོ་རྗེའི་དབུ་ཞྭ་འཁྲུལ་མེད་ངེད་རང་གི་འདྲ་འབགས་ལ་གོས་ཕྲུག་གི་ས་ཞུ། སོ་སོར་སྤྱི་བླུགས། ཞལ་དཀར་ཆག་མེད། རག་གི་ཞལ་སྟེགས། འཛེད་ཞལ་བཅས་ཆ་འགྲིགས། རྡོ་རྗེ་དྲིལ་བུ་ཆ་འགྲིགས་རེ་བཅས་དང༌། མགོན་ཁང་དུ་གཏོར་མགྲོན་ལས་གཤིན་དང་གནོད་སྦྱིན་གྱི་སྐུ་བརྙན་མེད་གཤིས་དེ་གཉིས་མི་ཚད་མ་སོ་སོར་སྙན་དར། བརྒྱུད་པའི་བཀའ་བསྒོ་རྒྱས་པ་དང༌། ཁྱད་པར་གནོད་སྦྱིན་གྱི་ཕྱག་མཚན་མདུང་དར་ལ་བསྟན་པ་སྤྱི་སྒེར་བསྲུང་ཞིང་བསྟན་དགྲ་སྒྲོལ་བའི་ཕྲིན་བཅོལ་རྒྱས་པར་བཀོད་པ་བཅས་ལེགས་པར་བཞེངས། བླ་སྐུ་གཉིས་ཞལ་རས་ལྷ་ཁང་དུ་གདན་དྲངས། མཆོད་པའི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་ངེད་རང་དང་སྒྲེས་པ་ཉི་ཤུ་སྐོར་གྱིས་དཔལ་ཀྱེ་རྡོར་ལ་བརྟེན་པའི་རབ་གནས་རྒྱས་པ་སྔོན་དུ་རྟོགས་བརྗོད་ལས་བསྡུས་པ་མ་གཏོགས་མཻད་པས་ད་ལམ་ལྷན་དུ་ལེགས་པར་བྱུང་ཞིང༌། དེ་མཐུན་ཚོགས་སུ་ཚེ་དཔག་མེད་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས། ཆོ་ག་ཚར་གསུམ། དེ་དང་རྗེས་འབྲེལ་གྱི་འཆི་བསླུ་དང་བརྟན་བཞུགས་རྒྱས་པར་གནང༌། གྲྭ་དམངས་ལ་མང་ཇ་འགྱེད་བཟང་ངེས། རབ་གནས་པ་རྣམས་དང་རི་མོ་པ་དྲུག་ལ་སོ་སོར་ཚན་གྲངས་བཟང་བ་བཅས་ལྷ་མཆོད་ཀླུ་མཆོད་དུ་གྱུར། སང་ཉིན་ངེད་རང་གི་མཆོད་གཡོག་དགེ་སློང་བསོད་ནམས་རིན་ཆེན་གྱིས་བྱས། མགོན་ཁང་དུ་ཀྱེ་རྡོ་རྗེའི་སྒོ་ནས་མགོན་ཁང་རྟེན་བརྟེན་པ་གསར་རྙིང་ཐམས་ཅད་ལ་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཞལ་ཤེས་ཀྱིས་ཁ་