[A:༥༤༤]སློང་ཚུལ་རྒྱ་མ། རྒྱ་མ་སྐུ་སྐྱེ་ཕྲིན་ལས་རྒྱ་མཚོ། བསམ་ཡས་རབ་བྱུང་པ་ཀུན་དགའ་ཚུལ་ཁྲིམས། རྣམ་སེར་རབ་འབྱམས་པ་ཚུལ་ཁྲིམས། ཤིང་མང་བླ་རྙིང་དམ་ཆོས་ཀུན་བཟང༌། ཚ་བ་དབོན་པོ་སོགས་ཕྱོགས་འདུས་དང༌། གཉུག་མར་གནས་པ་སྒྲེས་གྲྭ་ཕལ་ཆེར་བཅས་བརྒྱར་ཉེ་བ་ལ་རྣལ་འབྱོར་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་བིརྺ་པའི་བཞེད་གཞུང་གསུང་ངག་རིན་པོ་ཆེ་སློབ་བཤད་དུ་གྲགས་པ་ཤིན་ཏུ་སྨིན་པ། སྣང་གསུམ་གྱི་སྐབས་བླ་མ་བརྒྱུད་པའི་རྣམ་ཐར་གྱི་བཤད་པ་རྒྱས་པ་ངག་ཐོག་དང༌། ལུང་ཡང་ཆ་ཚང་བ་སྔགས་ལམ་ནས་བརྩམས་དབང་བྱིན་རླབས་ཟིན་ཐུན་རྣམས་ཀྱང་ཐད་སོ་ཐད་སོར་སྦྱར་བའི་ཕྱག་ལེན་འཁྲུལ་མེད་པོད་སེར། པོད་དམར་བཅས་ལུང་ཆ་ཚང་ཟླ་བ་གསུམ་ལ་ཉེ་བར་སོང༌། འདི་ལམ་འབྲས་འཆད་ཐེངས་བདུན་པ་ཡིན། ལམ་འབྲས་གྲོལ་ནས་གླིང་སྟོད་ཞབས་དྲུང་སོགས་མང་དག་ལ་བཀའ་གདམས་ལྷ་བཞིའི་རྗེས་གནང༌། སོ་སོའི་ཁྲིད། ཟུར་བཀའི་རིགས་མང་བར་ཕུལ། འདི་ཐམས་ཅད་ལ་དབོན་རིན་པོ་ཆེ་ཕེབ་ཡོད། ངེད་རང་གིས་མཁན་པོ། གླིང་སྟོད་ཞབས་དྲུང་རིན་པོ་ཆེས་ལས་སློབ། རྡོ་རྗེ་སློབ་དཔོན་ཆོས་གྲགས་ལགས་ཀྱིས་གསང་སྟོན། བློ་ཤེས་ཀྱིས་དུས་བསྒོ། དགེ་སློང་རིན་ཆེན་རྒྱལ་མཚན་གྱིས་ཁ་སྐོང་བྱས་ནས་རྒྱ་མ་སྐུ་སྐྱེ། བཀའ་བྱམས་པ་བསྟན་འཛིན། ཤིང་མང་བླ་མ་དམ་ཆོས་ཀུན་བཟང༌། རང་གྲྭ་དམ་ཆོས་དཔལ་འབར། བཤེས་གཉེན་ཕུན་ཚོགས་བཅས་བསྙེན་རྫོགས་བསྒྲུབས། བླ་མ་ལྷ་ཁང་དུ་ལམ་འབྲས་བརྒྱུད་པའི་ཁ་སྐོང་དུ་དྲིན་ཆེན་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་སྐུ་བརྙན་ལམ་འབྲས་བརྒྱུད་པ་དང་སྐུ་ཚད་