R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༩
[A:༥༤༩]དབང་ཞིག་བྱེད་པར་ཡོད་སྐབས་དགེ་སློང་ངག་དབང་བདེ་ཆེན་མཚན་རང་དུ་ཕེབ་པའི་འཕྲལ་དུ་འོང་དགོས་ཚུལ་གནང་བ་ལྟར་སྡེ་པ་གཞན་དང་མི་འདྲ་ཞིང་དགེ་སློང་ཡང་རང་གི་སློབ་བུར་སོང་བ་བཅས་ཕན་ཐོགས་མིན་ཇི་ལྟར་ཡང་མ་ཕྱིན་པས་ག་ལ་འོང་ཞུས། ཞོགས་པ་ནམ་གསེང་ལ་ངེད་བློ་ལྡན་གཉིས་ཀྱིས་ཡར་ཕྱིན། རྣམ་ཆོས་པ་བློ་གསལ་རྩར་གནས་ཚུལ་གྱི་ཡི་གེ་བཅས་སློག །ནོར་བུ་དགེ་འཕེལ་དུ་གུང་ཚིགས་བྱས། ཤར་མར་ཟིལ་གནོན་ལྕོག་ཏུ་ཕྱིན། སྐུ་ལྟེམ་བབས་ལྕི་བ་རེ་ལྟ་བུ་འདུག་པར་འཕྲལ་དུ་རྣམ་འཇོམས་ཀྱི་བྱབས་བཀྲུས་ཕུལ། ཨེ་མ་ཕྱི་རིན་རྒྱམ་གྱི་ཤག་ཏུ་ནུབ་མོ་སྡོད་ས་བྱས། ཉིན་བསྟར་སྨེ་བརྩེགས་ཀྱི་བྱབས་ཁྲུས། ཁྱུང་ཁྲ། སེང་གེ་སྒྲ་སོགས་ཀྱི་བྱབ་ཁྲུས་ནན་ཏན་ཞུས་པས་མཆོག་གསུམ་གྱི་ཐུགས་རྗེས་སྐུ་ཁམས་རིམ་བདེར་བྱུང༌། ཟུར་ཆེན་ཡང་ཕེབ། ཞག་གསུམ་བཞུགས་སྟན་འཇགས། བཀའ་གླེང་སྨར་བར་བྱུང༌། འདི་སྐབས་གྲྭ་ཚང་དངོས་གཞི་འབྲས་སྤུངས་སུ་བཞུགས་ཀྱང༌། རྩེའི་སྤྱི་བསྐང་པ་དགེ་སློང་བཀྲས་སྒང་ནས་སོགས་དང༌། སད་སྲུང་བློ་བཟང་དཔལ་འབར་སོགས་ལ་རྣམ་རྒྱལ་འཇོམས། ཁྱུག་ཁྲ་ནག །སྨེ་བརྩེགས་དུད་ཀ་དང་ལྗང་ནག །ཁྲོ་མོ་སྨེ་བརྩེགས་དང་སེང་གེ་སྒྲ་སོགས་ཀྱི་རྗེས་གནང༌། རྣལ་འབྱོར་མའི་བྱིན་རླབས་དང་ཁྲིད། བཀྲས་སྒང་དགེ་སློང་མཐུ་སྟོབས་སོགས་ལ་གསར་མའི་སྒྲོལ་དཀར་གྱི་འཆི་བསླུ། བ་རི་གཏོར་ཆེན་གྱི་ཕྱག་ལེན་སོགས་ཕུལ། ཉིན་རྒྱུག་ལ་ལྷ་སར་སྡེ་པ་ལུམ་པ་ནས་ལ་ཚེ་དབང་སོགས་དང༌། རམ་པ་ཁང་སར་དུ་མཁྱེན་རབ་ལགས་ཀྱི་རྗེ་བཙུན་རྡོ་རྗེ་ཆོས་ཀྱི་སྐུ་བཞེངས་པར་རབ་གནས་དང༌། པོ་ཏ་ལར་མཁའ་