R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༠༢
[A:༡༠༢]གཉེན་དམ་པ་ཡིན་པར་མ་ཟད། བྱེ་བྲག་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངོན་དུ་གྱུར་པ་ནི་དུས་མཚུངས་ཀྱི་སྐྱེ་བོ་ཀུན་གྱི་སྤྱོད་ཡུལ་དུ་གསལ་བ་དང༌། དེ་དུས་ཀྱི་ཞམ་རིང་པ་ཚང་མས་ངེས་ཤིང་གླེང་བ་དེ་བཞིན་ལགས་ཀྱང༌། ལུམ་པ་བ་དང་སྐུ་ཉེ་མཆོད་ཡོན་ཡིན་པའི་ཕུལ་ཕྱོགས་དང༌། ཕྲ་མ་མཁན་འགའ་ཞིག་གིས་དབྱེན་བཅོས་པའི་སྐུ་རྐྱེན་ལ་བརྟེན་ནས་རྡོ་རྗེ་འཆང་དེ་ཉིད་ལ་མིའི་དབང་པོ་ནས་བླ་མ་དགོན་གནས་དང་བཅས་པར་མཛད་ཚུལ་དེ་ལྟར་ཤར་བའི་ལྐོག་གྱུར་མཐའ་དག་རྨོར་ཆེན་རྗེ་ཉིད་ཀྱིས་མངོན་པར་ཤེས་པས་དགོངས་པ་བཞིན་བསྟི་གནས་ནས་ཕེབ་དགོས་དང་གཡུལ་རྒྱལ་ལྷུན་རྩེར་སྒོར་སྒྱིལ་ཞུས་པར། རྒྱལ་སྲས་སྤྲུལ་པའི་སྐུ་རིན་པོ་ཆེ་ཡེ་ཤེས་གྲགས་པས་ཉིད་ཀྱི་སྐུ་སྲོག་བློས་བཏང་གིས་མི་དབང་ཆེན་པོར་སྙན་ཞུ་མཛད་ནས་འོན་ཆོས་སྡིངས་སུ་གདན་འདྲེན་པར་མཛད་དེ་ཕེབ་ལམ་ཡར་ཀླུང་བརྒྱུད་དེ་ཕེབ་པར་ཆོས་སྡེའི་གྲྭ་བགྲེས་ཁ་ཤས་ཀྱིས་སྨོན་གྲོ་བཀྲ་ཤིས་སྒང་དུ་མཇལ། བཀྲ་ཤིས་ཆོས་སྡེར་གདན་འདྲེན་གྱི་ཞུ་ཡིག་བང་ཕྱིན་ཆེད་རྫོང་གི་ལན་དུ། ད་ལམ་ཕེབ་བསྐྱོད་མ་བདེ་ཞིང་མྱུར་མཇལ་འོང་བའི་གནས་ཚུལ་སྩལ་བ་ན། རྗེ་འདིས་བླ་བྲང་སྟེང་ནས་སྤྱན་ཆབ་དང་བཅས་ཕྱག་ཁོ་ན་མཛད་པས་སྟེང་གྲིབ་བསྙུན་རོ་ཞིག་ཡོད་པ་དེའང་འཕར་བ་ལྟ་བུ་བྱུང་གསུངས། ས་སྤྲེལ་དབྱུག་ཟླའི་ཉེར་གསུམ་ལ་རྨོར་ཆེན་རྡོ་རྗེ་འཆང་རྒོད་ཚང་རི་ཁྲོད་དུ་ཕེབ་ནས་མ་འགྱངས་པར་མཇལ་ཕྱག་ཞུ་བར་ཕེབ། དེའང་མཛོད་འགྲེལ་ལས། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་རྣམས། །དེ་ཡིས་རྟག་ཏུ་ཡིད་ཀྱང་འབྱུང༌། །ཞེས་པ་ལྟར། སྐྱེས་མཆོག་སྤྱི་དང༌། ཁྱད་པར་རྗེ་འདི་ཉིད་ནི་ཕྱི་རྐྱེན་ཙམ་ལམ་ལྟོས་པའི་ངེས་འབྱུང་སྐྱོ་ཤས་དྲག་པོ་རྒྱུན་ཆགས་སུ་བཞུགས་པ་ལ་བྲི་གང་