[A:༡༠༡]དུ་བཅར་ཏེ། དུས་གསུམ་གྱི་གནས་ཚུལ་གསོལ་བར་འོས་པ་རྣམས་ཞུས་པས། རྨོར་ཆེན་རྗེས་རྗེ་འདི་ཉིད་སོགས་ལ་གཞན་ངལ་སེལ་བའི་བསླབ་སྟོན་ཙམ་ལས་གཞན་ཅི་འོང་མ་གསུངས། དེ་ནས་ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། སྔོན་གྱི་སྨོན་ལམ་དུས་བབས་ཀྱི་དབང་གིས་གཙང་པ་དཔུང་བཅས་གཡུལ་ལས་རྣམ་པར་རྒྱལ་ཏེ། དཔལ་མིའི་དབང་པོ་བསོད་ནམས་སྟོབས་རྒྱས་དེ་ཉིད་གནམ་བསྐོས་དགའ་ལྡན་ཕོ་བྲང་པའི་རྒྱལ་ཐབས་ཀྱི་ཁ་ལོ་གྱེན་དུ་འདེགས་ཕྱིར་ཞབས་པད་གསེར་གྱི་ཁྲི་ལ་བཀོད་པའི་སྐབས་ལྷ་སྡེ་མི་སྡེ་ཚང་མས་ལེགས་འབུལ་དགོས་པ་བཞིན་དགའ་ལྡན་ཁང་གསར་དུ་མཇལ་ཕྱག་ལ་ཕེབ་ཅིང༌། ལེགས་འབུལ་སོགས་སྤྱི་འགྲེ་ལྟར་མཛད་དེ་ཡར་ཀླུང་དུ་ཕེབ། རྨོར་ཆེན་རྡོ་རྗེ་འཆང་དེའི་དགོངས་གཞིར། སྲིད་གསུམ་རྣམ་འདྲེན་རྒྱལ་དབང་ཐམས་ཅད་གཟིགས་པ་ཆེན་པོའི་མཛད་ཕྲིན་མཁའ་ཁྱབ་ཏུ་འགྱུར་བ་དང༌། བོད་ལྗོངས་ཀྱི་སྐྱེ་རྒུ་རྣམས་བདེ་ལེགས་སུ་གྱུར་ན་ཅི་མ་རུང་དགོངས་པ་ལས། ཕྱོགས་ཕུལ་རང་རྒྱལ་གཞན་ཕམ་གྱི་ཐུགས་བསྐྱེད་ཕྲ་མོ་ཙམ་ཡང་མི་མངའ་བར་མངོན་སུམ་ཚད་གྲུབ་དང༌། རྡོ་རྗེ་འཆང་གིས་རྒྱུད་སྡེ་རྣམས་སུ་མངོན་སྤྱོད་ཀྱི་ལས་བྱ་བའི་ཡུལ་དུ་བཤད་ཅིང༌། གང་ལ་མངོན་སྤྱོད་མ་བྱས་ན་རྡོ་རྗེ་འཛིན་པ་ལ་རྩ་ལྟུང་བཅུ་པ་འབྱུང་བའི་རྐྱེན་དུ་འགྱུར་བའི་གདུག་པ་ཅན་རྣམས་ལ་མངོན་སྤྱོད་མཛད་པ་མ་གཏོགས། དགོས་མེད་གྱ་ཚོམ་གྱི་རིགས་གཏན་མི་མཛད་པ་ནི། སྤྱིར་བསྟན་པ་རིན་པོ་ཆེའི་སྒོར་ཕེབ་པའི་བཤེས་