[A:༡༠༨]ཀྱིས་གཙུག་ལག་ཁང་གི་ཞིག་གསོ་དང༌། སྤྱི་རྫས་གསར་བཟོ་བྱེད་དགོས་རྣམས་གང་འགྲུབ་བྱས་པའི་སླར་འདི་ཡིན་གྱི་ཞུས་དག་ཕེར་བ་དང༌། སྒྲིག་ལམ་ཀུན་སྤྱོད་གང་ཅི་སྔར་རྒྱུན་ལས་ཉམས་ཆག་མི་འོང་བའི་བཀོད་ཁྱབ་དོ་ཁུར་དབུ་ཆེ་ལས་སྣེ་རྣམས་ནས་ཐེག་པ་ཁུར་ལེན་དགོས་ཚུལ་གྱི་བཀའ་མཆིད་མཐར་ཕྱིན་སྩལ་ཏེ་བང་ཕྱིན་ཕྱིར་སློག་མཛད། ཡར་ཀླུང་དུ་གསང་ཆེན་འདུས་པའི་ཚོགས་ཀྱིས་རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒོ་ནས་ཞབས་ཟུང་སྲིད་མཐར་བརྟན་པའི་ཐབས་མཆོག་སྙན་བརྒྱུད་ཟབ་མོའི་ཕྱག་ལེན་ཇི་ལྟ་བར་མཎྜལ་འབུལ་ནོད་རྒྱ་ཆེན་དང༌། སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་བསོད་ནམས་སྣང་བྱེད་ཀྱི་ཞལ་སྔ་ནས་ཀྱིས། ཞབས་པད་བསྐལ་བརྒྱར་བརྟན་དགོས་པའི་ཤེས་བྱེད་མདོ་རྒྱུད་ཀྱི་ལུང་དང་སྦྱར་བའི་ལེགས་བཤད་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བར་མཛད། ཆོས་སྡེ་ནས་ཕྱག་མཛོད་ལྷུན་གྲུབ་ཀུན་དགའ། བླ་མཆན་དགེ་སློང་ཀུན་དགའ་དཔལ་འབྱོར། མཆོད་དཔོན་དགེ་སློང་ཀུན་དགའ་གྲགས་པ། མགྲོན་གཉེར་འཚོ་བྱེད་བློ་བཟང་ཚུལ་ཁྲིམས་སོགས་དང༌། བསམ་ཡས་ནས་ཐུགས་སྲས་ཕྱག་མཛོད་འཇམ་དཔལ་རྒྱ་མཚོ་དང༌། མ་ཆེན་བཟང་པོ་རྒྱལ་མཚན་སོགས་དཔོན་གཡོག་སྐྱ་སེར་མང་བ་དང༌། དེ་ཁུལ་གྱི་ལྷ་སྡེ་མི་སྡེ་ཀུན་གྱིས་ཕེབ་སྐྱེལ་དང་བཅས་ཏེ་ཟླ་བ་དྲུག་པའི་ནང་དུ་མདོ་ཁམས་དགེ་བའི་ཡུལ་གྱི་རིས་གསུམ་གདུལ་བྱའི་ཚོགས་རྣམས་སྨིན་གྲོལ་ལ་འགོད་པའི་ཐུགས་བསྐྱེད་ཟླ་བ་གསར་པ་ལ་འགྲན་པ་བཞིན་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། དེ་ནུབ་རྩེས་དོང་འབྲས་བུ་གླིང་དུ་བཞུགས། དེ་ནས་རིམ་བཞིན། འོལ་ཁ་དང༌། རྒྱ་མདའ། སྟར་རྫོང༌། ཤོ་པ་མདོ། ལྷོ་རོང་རྫོང་སོགས་ནས་གསོལ་ཕོག་